[A:༢༦བ]ཆོ་ག་དགྲ་བགེགས་གནད་གཅོད་ཀྱི་སྤུ་གྲི། ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་གྱི་བསྐྱེད་ཆོག དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་གཏོར་ཆོག རྡོ་རྗེ་ཕུར་པའི་སྲུང་མ་དཀར་བདུད་ལྕམ་དྲལ་དང་དམ་ཅན་གྱི་གཏོར་ཆོག་དངོས་གྲུབ་བསམ་འཕེལ་རྣམས་ཐོས་པའི་བརྒྱུད་པ་ནི། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། །ཡང་ན་ས་ལོ་ཆེན་པོ། མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཆོས་ཀྱི་རྒྱལ་པོ་མན་འདྲ། ༈ །སྙིགས་དུས་བསྟན་པའི་གསལ་བྱེད་དམ་པ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་པའི་གསུང་རབ་རྣམས་ཀྱི་ལུང་ཐོས་པའི་ཚུལ་ནི། སྐྱེས་ཆེན་གང་གི་ངོ་མཚར་རྣམ་ཐར་ཆ། །གང་ལ་བསམས་ཀྱང་དཔྱོད་ལྡན་ཡིད་འཕྲོག་པའི། །སྙིགས་དུས་བསྟན་པའི་ཉི་མ་སྔགས་འཆང་རྗེ། །ངག་དབང་ཀུན་དགའ་རིན་ཆེན་རྒྱལ་གྱུར་ཅིག །ཅེས་པའི་བསྟོད་ཡུལ་དམ་པར་གྱུར་པ་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་གྱིས་མཛད་པའི་གསུང་རབ་དྲི་མ་མེད་པ་རྣམས། དེའི་བཀའ་འབངས་ཀྱི་བརྒྱུད་འཛིན་གྱི་གྲངས་མར་གཏོགས་པ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་བདག་གིས་འབད་པ་ཆེར་བྱས་ནས་ལུང་རྒྱུན་ཞུས་ཤིང་ཕྱོགས་གཅིག་ཏུ་བསྒྲིགས་པའི་མཚན་གྱི་རྣམ་གྲངས་ལ། ཐོག་མར་བཀའ་འབུམ་པོ་ཏི་དང་པོ་ལ་ས་ལོ་ཐམས་ཅད་མཁྱེན་པ་ལ་བསྟོད་པ་རྒྱལ་བའི་མཁྱེན་བརྩེ་མ། རྗེ་དཀོན་མཆོག་ལྷུན་གྲུབ་ལ་བསྟོད་པ་དཀོན་མཆོག་གདུང་