R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༨༥
[A:༤༨༥]མོའི་རྣམ་པ་མཛད་པ་ཀུན་ཀྱང༌། ཆོས་འཆད་པ་དང༌། ཉན་པ་དང༌། བཅོམ་ལྡན་འདས་རི་ཁྲོད་མ་ལོ་མ་གྱོན་མའི་ཁྲུས་ཆོག་ལ་སོགས་པ་མཛད་པའི་རྣམ་ཐར་ལས། ཐ་མལ་གྱི་རྩེད་མོའི་རིགས་ཅི་ཡང་མི་མཛད་དོ་ཞེས་རྗེ་ཉིད་ཀྱི་མ་མ་བགྲེས་མོ་སློབ་དཔོན་ལེགས་རིན་གྱི་ཡུམ་ཡིན་པ་ཞིག་ལས་ཐོས་གསུངས། དགུང་ལོ་ལྔ་བཞེས་པའི་ཚེ་ཡབ་ཀྱི་གསུང་གིས། རང་རེ་གསོལ་ཇ་པ་བྱེད་པ་ལ་དངུལ་གྱི་ཇ་བོ་ཆེ་ཐེག་མི་ཐེག་བརྟག་གོ་གསུངས་ནས། དངུལ་གྱི་ཇ་བོ་དང་ལྗིད་མཉམ་པའི་རྡོ་བསྐུར་ནས། སྐས་ལ་འབྱོན་བཞུད་མཛད་དུ་བཅུག་པ་ན། གསོལ་ཇ་བ་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་ལ་ཐུགས་མི་འགྲོ་བས་རྡོ་ཕྱིར་འཕངས་ཏེ་མི་དགེས་པའི་རྣམ་འགྱུར་བསྟན་པས། བདག་ཆེན་ཀུན་དགའ་རིན་ཆེན་པའི་གསུང་གིས། འདིའི་གཟུགས་ཀྱང་གསོལ་ཇ་བ་ལ་མཛེས་རྒྱུ་མི་འདུག་པ་དང༌། ཁྱད་པར་ཁོང་རང་ཆོས་ལ་མོས་པ་འདུག་པས། འདི་ཆོས་བྱེད་དུ་བཅུག་ནས་གསོལ་ཇ་བ་འདི་ཉིད་ཀྱི་གཅུང་པོ་དཔོན་ནེ་བསོད་ནམས་དཔལ་ཞེས་བྱ་བ་ཅིག་ཡོད་པ་དེ་ལ་བྱེད་དུ་བཅུག་པ་དྲག་པ་འདུག་ཞེས་གསུང་པའི་བཀའ་གནང་བས། ཐུགས་ལ་དགེས་ཚོར་ཆེན་པོ་དང༌། བདག་ཆེན་ལ་ཡང་དད་པ་ཆེན་པོ་འཁྲུངས་སོ། །དེ་ནས་དགུང་ལོ་དྲུག་བཞེས་པའི་ཚེ། བདག་ཆེན་ལ་ས་སྐྱར་བཞུགས་སྟབས་བདེ་མི་བདེ་ཅིག་བྱུང་ནས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་བདག་ཆེན་གྱི་སྐུ་མདུན་དུ་སྤྱན་དྲངས་ཏེ། བྱིས་པ་འདི་ལ་དགེ་བཤེས་བཟང་པོ་ཅིག་འོང་བ་བདོག་པས། ཁྱེད་ཀྱིས་མགོ་འདོན་ཡང་དག་པ་ཅིག་མཛད་པ་ཞུ། ཞེས་ཞལ་ད་དང་གནང་སྦྱིན་མཛད་ནས་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་ལ་སྤྲད། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པས། དུས་ཀྱི་འཁོར་ལོ་དང༌། གུར་དང༌། ཡོ་ག་རྡོར་དབྱིངས་ཀྱི་དབང་བསྐུར་བ་ཡང་མཛད་དོ། །དེ་ནས་སྐྱེ་འཕྲང་ན་བཞུགས་པའི་རྙིང་མ་པའི་སློབ་དཔོན་སངས་རྒྱས་རྒྱལ་མཚན་ཞེས་བྱ་བའི་དྲུང་དུ། བྱིས་པ་འཇུག་པའི་