R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༨༦
[A:༤༨༦]སྒོ་ནས་ཇི་ལྟར་འབྱུང་བ་བཞིན་དུ་ཀློག་ཡིག་སློབ་པར་མཛད་ཅིང་ཐམས་ཅད་མཐར་ཕྱིན་པར་མཛད་དོ། །དགུང་ལོ་བདུན་པ་ལ་སློབ་དཔོན་དེ་ཉིད་ཀྱི་དྲུང་དུ་བརྟག་གཉིས་ཀྱི་གཞུང་བཟུང༌། ཤར་ཆེན་པས་མཛུབ་ཁྲིད་དང༌། རྟ་ཐོག་སློབ་དཔོན་དཔལ་ལྡན་བཟང་པོས་ས་བཅད་བསྲེ་བའི་གྲོགས་མཛད་པ་ལ་སོགས་པ་མཐར་ཕྱིན་པར་མཛད། དགུང་ལོ་བརྒྱད་པ་ལ་རྣམ་གཞག་མཛད་པར་དགོངས་ནས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་གུར་ན་བཞུགས་པའི་དུས་སུ་སྐུ་མདུན་དུ། ཉི་མའི་གུང་ལ་སློབ་དཔོན་སངས་རྒྱས་རྒྱལ་མཚན་པ་དང་གཉིས་ཀ་བྱོན་ནས་མཛུབ་ཁྲིད་མཐར་ཕྱིན་ནས། རྣམ་གཞག་མཛད་པར་སྐབས་སུ་བབས་པ་ན། ཏའི་སི་ཏུ་བསོད་ནམས་དཔལ་བས། ཉེ་གནས་གྲུབ་པའི་བུ་རྣམ་གཞག་བྱེད་པའི་སྟོན་ཤོག་གི་དཀར་རུ་མ་ངེད་ཀྱིས་བྱེད་པ་ཡིན་གསུང་ནས། ཤོག་བུ་རྩེ་ཆེན་མ་བོང་རྒྱབ་དུ་མའི་དཀར་རུ་མ་མཛད་དོ། །གཞི་ཐོག་པ་རྟ་ཝེན་ཀུན་དགའ་རིན་ཆེན་པ་ལ་དེའི་རྒྱུ་མཚན་ཞུས་པས། འོ་ན་དེ་འཐད། བཙུན་པ་བྱས་མིང་ཀུན་དགའ་བཟང་པོ་ཐོགས། ངས་ཡི་གེ་བྱེད་གསུངས་ནས། །རང་རེ་གཞི་ཐོག་པ་ལ་གཏོགས་པ་རྣམས་ལ་སྤྲིངས་པ། ཀུན་དགའ་བཟང་པོ་རེ་ཞིག་སློབ་དཔོན་ཆེན་པོ་ཤར་པའི་དྲུང་དུ་སློབ་གཉེར་བྱེད་དུ་བཅུག་པ་ཡིན་པས། སུས་ཀྱང་རྩོད་པ་མ་བྱེད་བྱ་མ་གནང༌། དེ་ཡང་ཕྱི་དེ་ལོ་ཆོས་དུས་ཚོགས་པ་དང༌། དགུང་ལོ་དགུ་པ་ལ་རབ་བྱུང་མཛད་ནས་ལོ་དེ་ལ་ཆོས་ཁྲི་ཐང་དུ་རང་གི་སློབ་དཔོན་དེ་ལ་སོགས་པ་མཁས་པ་མང་པོས་གསོལ་བ་བཏབ་ནས་བརྟག་གཉིས་ཚིག་དོན་དང་བཅས་པ་ཐུགས་ལས་གསུངས་ལ། དེ་ཕྱིན་ཆད་ལོ་གྲངས་མང་དུ་རྒྱུད་ཚར་རེ་གསུངས། དེས་ན་གཞན་ལས་ཕུལ་དུ་བྱུང་བའི་རྣམ་གཞག་དང་དགའ་སྟོན་
གྱང་པོའི་རྣམ་ཐར་དུ་དགུང་ལོ་བཅུ་གཉིས་པ་ལ་ཡིན་པར་བཤད།
རྒྱ་ཆེན་པོ་མཛད་ནས། ཆོས་གསུངས་པས་ཆོས་དང་དགའ་སྟོན་གཉིས་ཀ་ལ་ཀུན་གྱིས་ངོ་མཚར་དུ་འཛིན་པར་གྱུར་ཏོ། །གཉིས་པ་རབ་ཏུ་བྱུང་