R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༩༦
[A:༤༩༦]ཆོ་ག་རྒྱལ་བའི་རྡོ་རྗེས་མཛད་པ། དཀར་མོ་ཉི་ཟླའི་རྗེས་གནང༌། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང༌། གཙུག་ཏོར་གདུགས་དཀར་གྱི་དབང༌། དགའ་ལྡན་པ་བཀྲ་ཤིས་དཔལ་གྱིས་མཛད་པའི་དཀྱིལ་ཆོག །ཆོས་རྗེ་བླ་མ་དམ་པས་མཛད་པའི་བླ་མའི་རྣལ་འབྱོར་ཞལ་ཤེས་དང་བཅས་པ། ཡིག་བརྒྱའི་བཟླས་ལུང༌། དེའི་མན་ངག་རྗེ་ས་ཆེན་གྱིས་མཛད་པ། ཨུཥྞཱི་ཥའི་བཟླས་ལུང་རྣམས་གསན། སྐབས་ཤིག་ན་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པས་གེགས་སེལ་འདྲ་དང་བཅས་པའི་ལམ་འབྲས་ཀྱི་ཆ་ལག་འགའ་ཞིག་ཞུ་བའི་ཚེ། སྐུ་མདུན་ན་དགེ་བཤེས་འགའ་རེ་བཞུགས་འདུག་པ་རྣམས་ལ། དེང་འདིར་ལམ་འབྲས་ཀྱི་ཆོས་ཤིག་འཆད་པ་ཡིན་པས། ཁྱེད་རང་རྣམས་རེ་ཞིག་ལ་གཞན་དུ་གཤེགས་གསུངས་ནས། ཁོང་རྣམས་གཤེགས་སོང༌། ཆོས་རྗེ་འདི་ཉིད་ལ་གཤེགས་ཀྱང་མི་གསུང༌། རྗེས་ཀྱང་དེ་ཉིད་དུ་ཀ་བཞུགས་པས། དེ་ཉིན་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་ལ་གནང་བའི་ལམ་འབྲས་ཀྱི་ཆ་ལག་རྣམས་གསན་པས་བླ་མ་ལ་མོས་གུས་ཐུན་མོང་མ་ཡིན་པ་དང༌། ཐུགས་ལ་དགེས་ཚོར་བསམ་གྱིས་མི་ཁྱབ་པ་སྐྱེས་སོ་གསུངས་སོ། །གཞན་ཡང་བདེ་མཆོག་ལོ་ནག་དྲིལ་གསུམ་གྱི་ཕྱག་ལེན་དང་བཤད་པ་རྣམས་གསན་ནས་ཐུགས་སྦྱོང་ལེགས་པོ་མཛད་པས། ཕྱག་ལེན་དང་གོ་རྒྱུ་རྣམས་ལ་ཐུགས་བསྐྱེད་ལེགས་པོ་བྱུང་བས། བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས་པ་ཐུགས་དགེས་ཏེ། སློབ་དཔོན་ཉིད་དགེ་བཤེས་དགའ་མོ་ཅིག་བྱུང་འདུག་ནན་ཏར་བཟང༌། འུ་ཅག་བྲག་ཕུག་པའི་དགེ་བཤེས་ཅིག་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་འདི་ལ་ཤིན་ཏུ་ཐུགས་མོས་ཆེ་སྟེ། ལམ་འབྲས་ཕྱག་མཆོད་ཀྱི་ཁ་བསྐོང་དུ། དཔལ་ལྡན་རྩ་བའི་བླ་མ་མཆོག །ཚུལ་ཁྲིམས་ཐོས་བསམ་སྒོམ་པར་ལྡན། །བརྩེ་བས་མ་ནོར་ལམ་སྟོན་པའི། །བཀའ་དྲིན་ཅན་ཁྱོད་ལ་ཕྱག་འཚལ། །ཞེས་གསུངས་པར་སྣང་ངོ༌། །དགུང་ལོ་དགུ་པ་ནས། དགུང་ལོ་ཉི་ཤུ་རྩ་ལྔའི་བར་དུ། གཙོ་ཆེར་ཆོས་རྗེ་ཡེ་