R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༩༧
[A:༤༩༧]ཤེས་རྒྱལ་མཚན་པ་དང༌། གཞན་ཡང་ཆོས་རྗེ་དཔལ་ལྡན་པ་ལ་སོགས་པའི་དྲུང་དུ། བཀའ་ལུང་མན་ངག་མཐའ་ཡས་པའི་བཀའ་དྲིན་ནོས་ཏེ། དེ་རྣམས་ཀྱི་ཕྱག་ལེན་བཤད་པ། མན་ངག་ཕྲ་མོ་ཚུན་ཆད་ལ་སྒྲོ་འདོགས་ལེགས་པར་བཅད་དེ་ཤིན་ཏུ་མཁས་པར་མཛད་དོ། །དགུང་ལོ་ཉི་ཤུ་རྩ་ལྔ་བཞེས་པའི་ཚེ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་བདེ་བར་གཤེགས་ནས། ཐུགས་དགོངས་རྫོགས་པའི་ཐབས་རྣམས་ལེགས་པར་གྲུབ་པར་མཛད་དེ། སྔར་གསུང་ངག་རིན་པོ་ཆེ་མ་གསན་པས། གསུང་ངག་གསན་པར་དགོངས་པ་ལ། ཆོས་རྗེ་ལོ་ཙཱ་བ་སྐྱབས་མཆོག་པ་དེ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པའི་ཐུགས་སྲས་དགེ་བའི་བཤེས་གཉེན་མཐའ་ཡས་པ་ཡིན་ནོ་ཞེས་གྲགས་པ་ཆེ་བས་དེའི་དྲུང་དུ་གསུང་ངག་གསན་པར་བཞེད་དེ། ཤངས་ཆོས་འཁོར་སྒང་དུ་བྱོན་པས། དང་པོར་གཞན་ལ་འདུལ་བ་མེ་ཏོག་ཕྲེང་རྒྱུད་གསུང་བའི་འཕྲོ་ལ་ཞུས་པས། ཁྱིམ་གྱི་འཆིང་བ་ལས་གྲོལ་ཏེ། །ཞེས་པའི་ཚིག་མཚམས་སུ་ཕེབས་པས། ཨ་ལ་ལ་ཉིད་ཁྱད་འཕགས་དགའ་མོ་ཞིག་ཡིན་ཟེར་བ་བདེན་པར་གདའ། ཚིག་མཚམས་བཟང་པོ་བྱུང་བས་བསྟན་པ་ལ་ཕན་པའི་འདུལ་འཛིན་བཟང་པོ་ཅིག་འབྱུང་གི་ཞེས་ལུང་བསྟན་ཏེ། གསུང་ངག་རྫོགས་པ་ནི་མ་བྱུང༌། འོན་ཀྱང་བླ་མ་ལྔ་བཅུ་པ། ཆོས་རྗེ་བླ་མ་དམ་པས་མཛད་པའི་བརྟག་གཉིས་ཊཱིཀ་ཆེན། གསང་འདུས་སྤྱི་དོན། རྩ་ལྟུང་བཅུ་བཞི་རྣམས་ཀྱི་བཤད་པ། སྣང་བ་གསུམ་གྱི་ཁྲིད། བླ་མའི་རྣལ་འབྱོར། བཀའ་གདམས་ལམ་རིམ་གྱི་ཁྲིད་རྒྱས་པ། བློ་སྦྱོང་དོན་བདུན་མ། དབུ་མ་རྩ་ཤེ་འགྲེལ་པ་ཚིག་གསལ་གྱི་སྟེང་ནས་བཤད་པ། རིགས་པ་དྲུག་ཅུ་པ་དང༌། རྒྱུད་བླ་གཉིས་ཀྱི་ཊཱི་ཀ་ཆོས་རྗེ་ཉིད་ཀྱིས་མཛད་པའི་སྟེང་ནས་བཤད་པ། ཀུན་ལས་བཏུས་ཀྱི་བཤད་པ། སོ་སོར་ཐར་པའི་མདོ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལ་སོགས་པ་གསུང་རབ་སྤྱིའི་གོ་བ་ལ་ཐུགས་བསྐྱེད་ཆེན་པོ་དང༌། འདུལ་བའི་ཕྱག་ལེན་ཡང་ལེགས་པར་མཁྱེན་པས། ཐུགས་ལེགས་པར་དགེས་པ་དང༌། བླ་མ་ལ་དད་གུས་ཆེན་པོ་སྐྱེས་