R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༩༨
[A:༤༩༨]སོ། །དེའི་དུས་ནུབ་གཅིག་མནལ་ལམ་དུ། གཟུགས་འདི་ལྟར་ཡིན་གྱི་ངེས་པ་མེད་པའི་སྒྲ་ཅིག་ལ། བླ་མ་ཀུན་དགའ་བཟང་པོ་ལམ་འབྲས་ཞུ་ན་འདི་ན་ཡར་བྱོན་ཟེར་བ་ཞིག་བྱུང་བས། དེར་བྱོན་པས་རི་འབོར་ཅིག་ན། དང་ར་སྒོ་བྱང་བསྟན་རྩིག་པ་ཁྲོ་ལེ་བ་བྱས་པ། ནང་ན་ཡར་རྡོ་ཁྲོབ་སེ་བྱས་པ་ཅིག་གི་ནང་ན་ཁང་པ་སྒོ་ཤར་བསྟན་ཅིག་འདུག་པའི་སྐས་ཅིག་ལ་འཛེགས་བྱོན་པས་སྐས་མགོ་ན་དགེ་བཤེས་ཤ་རྩི་སྨུག་སེ་བ་ཅིག་གིས་སྤོས་སྣ་བྱས་གདན་དྲངས་བྱོན་པས། མཚམས་ཤིག་གི་ཁ་ལྷོར་བསྟན་ཅིག་ན། བླ་མ་སྐུ་བགྲེས་སེ་བ་བེར་ཐུལ་འདྲ་བ་བསྣམས་པ་ཅིག་དང་མཇལ་བ་རྨིས་སོ། །དེ་ནས་ཡང་ས་སྐྱར་ཕེབས་ནས་གསུང་ངག་གསན་པར་བཞེད་པ་ལ་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པ་ལ་མངའ་བའི་གསུང་ངག་གི་སྐོར་ཡོངས་སུ་རྫོགས་པར་གསན་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་ནི་བདེ་བར་གཤེགས། མི་ཉག་གི་སྟོན་པ་རིན་ཆེན་རྡོ་རྗེ་བྱ་བ་ཅིག་ཡོད་པ་ནི། མདོ་ཁམས་སུ་གཤེགས་པས། ད་སུ་དྲག་སྙམ་དུ་དགོངས་པ་ན། སྔར་ཆོས་རྗེ་དཔལ་ལྡན་པའི་གསུང་ཅིག་ལ། ལམ་འབྲས་བུ་དང་བཅས་པའི་མན་ངག་གི་རྩད་གཅོད་པ་ལ། སློབ་དཔོན་ཆེན་པོ་ཡེ་ཤེས་རྒྱལ་མཚན་པ་བས་ཀྱང༌། སློབ་དཔོན་བུདྡྷ་ཤྲཱི་བ་ངོས་ཀྱང་མཁས་པ་ཅིག་འདུག་གསུངས་པ་སྙན་ན་བཞུགས་པ་དང༌། བླ་མ་དམ་པ་དཔལ་ལྡན་པ་བདེ་བར་གཤེགས་པ་ལ་ཉེ་བ་དེའི་ཚེ་ལམ་འབྲས་མ་རྫོགས་པའི་དགེ་བཤེས་ཅིག་ལ། ལམ་འབྲས་ཀྱི་འཕྲོ་རྣམས་སློབ་དཔོན་ཆེན་པོ་ཡེ་ཤེས་རྒྱལ་མཚན་པ་དང༌། སློབ་དཔོན་བུདྡྷ་ཤྲཱི་བ་གཉིས་ཀ་ལ་ཞུས་ཤིག་གསུངས་པ་གསན་པ་དང༌། ཆོས་རྗེ་བུདྡྷ་བའི་དྲུང་དུ་གཤེགས་པའི་དགེ་བཤེས་གཅིག་དང་གསུང་གླེང་བྱུང་བས། ཆོས་རྗེ་བུདྡྷ་བ་དེ་དགེ་བའི་བཤེས་གཉེན་མཐའ་ཡས་པ་ཅིག་འདུག་ཟེར་བས། ཆོས་རྗེ་བུདྡྷ་བའི་དྲུང་དུ་ལམ་འབྲས་གསན་པར་དགོངས་ཏེ། བྱི་བའི་ལོ་ལ་བྱང་གི་ཆུ་ཁའི་ཞི་དགོན་དུ་བྱོན་པས། སྔར་ཆོས་འཁོར་སྒང་དུ་རྨི་ལམ་དུ་བྱུང་བའི་རི་འབོར་དང༌། དང་ར་དང༌། ཁང་པ་