R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༩༩
[A:༤༩༩]རྣམས་ཇི་ལྟ་བ་བཞིན་དུ་འདུག་པའི་སྐས་ལ་འཛེགས་བྱོན་པས། སྐས་མགོ་ན་སློབ་དཔོན་ཉི་མ་ཟེར་བ། སྔར་མནལ་ལམ་དུ་བྱུང་བའི་རྣམ་པ་ཇི་ལྟ་བ་བཞིན་བྱས་པ་ཅིག་གིས་སྤོས་སྣ་བྱས་བྱོན་པས། མཚམས་ཤིག་གི་དབུས་ཞལ་ལྷོར་བསྟན་ཅིག་ན། ཆོས་རྗེ་བུདྡྷ་བ་བེར་ཐུལ་རྙིང་པ་ཅིག་བསྣམས་ནས་འདུག་པ་དང་མཇལ་བས། སྔར་གྱི་མནལ་ལམ་དྲན་པ་དང༌། དེ་ཉིད་དུ་དད་གུས་བསམ་གྱིས་མི་ཁྱབ་པ་བྱུང་བས། ལུས་ཉམས་མནན་གྱིས་མི་ནོན་པ་ལྟ་བུ་བྱུང་ཡང༌། ཐུགས་དྲན་འཛིན་ཆེན་པོ་མཛད་པས་ནོན་ཙམ་བྱུང༌། དེ་ནས་མཚམས་དེའི་ཤར་འགུག་ཅིག་ན་བཞུགས་གདན་ཅིག་མཛད་འདུག་པ་ལ་བཞུགས་ནས་འཕྲོས་གཏམ་དང་ཞུས་གནང་མང་དུ་བྱུང་ངོ༌། དེ་ནས་ཞི་དགོན་དུ་བྱི་ལོའི་འཕྲོ་དང་གླང་ལོ་སྟེ་ལོ་གཉིས་བཞུགས་ནས་ལམ་འབྲས་ཀྱི་གཞུང་ཁྲིད་ཚར་བར་གསན། སྟག་ལོ་ལ་ཆོས་རྗེ་བུདྡྷ་བས་ས་སྐྱར་བྱོན་ནས། ས་སྐྱ་ས་བཟང་གཉིས་སུ་ཟླ་བ་དགུ་བཞུགས་ཞེས་མུས་ཆེན་གསུང༌། པཎ་ཆེན་གྲགས་རྒྱལ་དང་ཆོས་དཔལ་བས་ཟླ་བ་བཅུ་གཅིག་བཞུགས་པར་བཤད། དེའི་བར་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ལ་སོགས་པ་ཆོས་རྗེ་བུདྡྷ་པ་ཉིད་ལ་མངའ་བའི་གདམས་ངག་ཐམས་ཅད་ཡོངས་སུ་རྫོགས་པར་གསན་ཏེ། དེ་ཡང་ལམ་འབྲས་དང་འབྲེལ་པའི་དབང༌། བཤད་པ་ཉམས་ཁྲིད། གེགས་སེལ་ལ་སོགས་པ་མན་ངག་ཕྲ་མོ་ཚུན་ཆད་མ་ལུས་པར་གསན་ཅིང༌། སྟན་ཐོག་གཅིག་གི་སྟེང་དུ་ཁྲིད་ཟླ་བ་དགུ་ཉམས་ལེན་མཛད། །ལམ་རྟགས་རྣམས་རྫོགས་པར་ཤར། དེ་དུས་ཆོས་རྗེ་བུདྡྷ་བའི་ཞལ་ནས་ཁྲིད་འཇུར་བོ་འདི་ལྟ་བུ་བྱས་པ་ལ། གནས་སྦྱོང་འཇམ་པ་མ་བྱུང་བ་སྡིག་ཤས་ཤིན་ཏུ་ཆུང་བའི་རྟགས་ཡིན་གསུང༌། དེ་ལྟར་ཉམས་སུ་བླངས་ནས། ཉམས་སུ་མྱོང་སྟེ། སྙན་བརྒྱུད་བཞིའི་གདམས་པ་ཡིན་ནོ། །དེ་བཞིན་དུ་ལམ་སྐོར་རྣམས་དང༌། ཞར་བྱུང་གི་མན་ངག་དང་བཅས་པ་ཡོངས་རྫོགས་གསན་ཞིང༌། གཞན་ཡང་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་ཁྲིད།