[A:༥༡༩]ལ་བདེ་མཆོག་གི་སྐུ་གསེར་སྐུ་དེ་དང༌། བུམ་སྐུ་དེ་གཉིས་པོ་མིན་པ་ནི་མེད། དེ་གཉིས་ད་ལྟ་བླ་བྲང་ཤར་ནི་ཡོད་ཅེས་གསུངས་པས། ཁོང་རྣམས་ཀྱིས་བདེ་མཆོག་གི་གསེར་སྐུ་པད་གདན་བྲལ་བ་ཅིག་ཁྱེར་བྱུང་ནས། འདི་ཁྱེད་ཀྱིས་ཕྲལ་བ་ཡིན་ཟེར་བྱུང་བས། རྗེ་ལ་ཡང་དེ་བཤིག་པའི་ཉེས་པ་ཡོད་པའི་གནོང་ཅིག་བྱུང་བ་རྨིས་པས། སང་མནལ་སད་པ་དང༌། རྒྱུད་བཅད་པའི་འཁུ་ལྡོག་ཏུ་དགོངས་ནས། ལྭ་བ་པའི་བདེ་མཆོག་གི་འགྲེལ་པ་ནས་བཤད་པའི་རིགས་ལྡན་མའི་མཆོད་ཆོག་རྒྱས་པ་དེ་མཛད་པས་རྗེའི་སྐུ་ཁམས་ལེགས་པར་དྭངས་སོ། །འདི་ལྟ་བུ་ནི་འཕྲལ་དུ་བར་ཆད་ཀྱི་རྣམ་པ་ལྟ་བུར་སྣང་ཡང་ཕུགས་ཡི་དམ་གྱིས་རྗེས་སུ་གཟུང་བའི་མཚན་མ་ཡང་དག་པ་ཡིན་ནོ། །གསུང་ངག་ཇི་ལྟར་གསུངས་ཚུལ་ནི། མགྲོན་ལ་གཡུ་ཐོག་ཏུ་བཞུགས་པའི་ཚེ། ལམ་འབྲས་ལ་ལུང་སྦྱིན་ནས་བཤད་པའི་བཀའ་རྒྱས་བཏབ་པའི་ལོ་གྲངས་ཐིམ་ནས། ད་གསུངས་པས་ཆོག་གམ་མི་ཆོག་དགོངས་པའི་ཚེ། ནུབ་གཅིག་གི་མཚན་ལམ་དུ་འོད་ཁ་དོག་ལྔའི་ཐིག་ལེ་ཟླུམ་པོར་འཁོར་བའི་ནང་དུ། དབུས་སུ་ས་སྐྱ་པ་ཆེན་པོ། དེ་ལ་རྗེ་བཙུན་སྐུ་མཆེད། ཆོས་རྗེ་ཁུ་དབོན་ཏེ་དེ་ལྟར་གོང་མ་ལྔ། བདེ་མཆོག །ཀྱེ་རྡོར། རིགས་ལྔའི་ཕྱག་མཚན། མཆོད་རྟེན་བཞི། དེའི་བྱང་ཆེན་མཆོད་རྟེན་ཆུང་ངུ་ཞིག་གཡོན་ཕྱོགས་ཀྱི་འཇའ་ལ་ཕལ་ཆེར་ནུབ་པ། འོག་ཏུ་ཆོས་སྐྱོང་ལྕམ་དྲལ་གཉིས་རྣམས་ཞལ་གཟིགས། རྗེ་བཙུན་གྱི་ཕྱག་ནས་ལམ་འབྲས་ཀྱི་གླེགས་བམ་ཅིག །དར་དཀར་གྱི་སྣལ་མ་གོང་བུ་ཅིག་རྗེ་ལ་གནང༌། དེའི་སྣེ་མོ་གཅིག་ཕྱག་ཏུ་བཟུང་འདུག་པ་ལས་གྱེས་ཏེ་ཕན་ཚུན་འབྲེལ་བཞིན་དུ་རྣམ་པར་བཀྲ་བ་དང་བཅས་ཏེ་ཕྱོགས་ཀུན་ཏུ་ཁྱབ་པར་རྨིས། འདི་གུ་གེ་པཎ་ཆེན་སོགས་ཀྱིས་འབྲིང་མཚམས་རི་བོ་སྒང་དུ་ཡིན་པར་བཤད་ཀྱང༌། དེ་ནི་ལམ་འབྲས་གསུང་བཞིན་པའི་སྐབས་ཡིན་པས་སྔ་མ་ལེགས་སོ། །དེ་ལྟར་བཀའ་རྒྱ་ཐིམ་ཚུལ་གྱི་གཟིགས་སྣང་འདི་ལ་རྗེའི་གསུང༌། ཁྱད་