[A:༥༢༠]པར་གྱི་ཐིག་ལེ་དྭངས་པའི་དབུས། །རྣལ་འབྱོར་གྱི་དབང་ཕྱུག་ས་སྐྱ་པ། །ཞེས་སོགས་ཚིག་རྐང་བདུན་ཡོད་པ་རྗེ་ལྷ་མཆོག་པའི་བར་སྙན་བརྒྱུད་ཡིན་ཞིང༌། ལྷ་མཆོག་པས་ནུབ་ཀྱིས་དོགས་ནས་རི་མོའི་བཀོད་པ་དང༌། གོང་གི་སྙན་བརྒྱུད་ཀྱི་གསུང་དེ་དག་དང༌། རྗེ་སྐལ་ལྡན་གྱི་འདྲེན་མཆོག་ཀུན་དགའི་མཚན། །གནས་མགྲོན་ལ་གཡུ་ཐོག་ཏུ་བྱོན་པའི་ཚེ། །ཞེས་སོགས་ཀྱིས་གསལ་བྱེད་མཛད། དེ་དག་གི་དོན་རྒྱས་པར་མཁས་པའི་དབང་པོ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པར་བལྟའོ། །དེ་ནས་གསུང་ངག་བཤད་པས་ཆོག་པར་དགོངས་ནས། དེ་མན་ཆད་གསུངས་པས། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཡོངས་སུ་རྫོགས་པ་ཚར་བརྒྱད་ཅུ་གྱ་གསུམ་ཙམ་སོང༌། དེའང་ཕྱི་ལ་གསང་སེ་མཛད་ནས་ཤཱཀ་བཟང་སྐུ་འབུམ་དུ་ཚར་བརྒྱད། དེ་མིན་ཡོངས་གྲགས་དང་ལོ་འགའ་ཡར་ཚར་གཉིས་གཉིས་སོགས་བལྡབ་པ་ཚུན་བརྩིས་པས་སོ། །ཅིག་ཅར་བའི་ལམ་གྱིས་བཀྲིར་རུང་བ་རྣམས་ལ་རང་རང་གི་སྨིན་བྱེད་སྔོན་དུ་སོང་ནས། ལམ་སྐོར་གཞན་ཆ་ལག་དང་བཅས་པ། གཞན་ཡང་སྦྱོར་དྲུག །རིམ་བཞི། རྩ་དབུ་མ། བདེ་མཆོག་རིམ་ལྔ། གསང་འདུས་རིམ་ལྔ། སྤྲོས་མེད། འཇིགས་བྱེད་རྭ་ཁྲིད་སོགས་རྫོགས་རིམ་གྱི་ཁྲིད་བསམ་གྱིས་མི་ཁྱབ་པ་གནང་བ་ཡིན་ནོ། །འདིར་ཅིག་ཅར་བ་ཞེས་པ་ཡང་ལམ་ཐུན་མོང་བ་སྔོན་དུ་མ་སོང་ཡང༌། སྨིན་བྱེད་ཀྱི་དབང་སྔོན་དུ་སོང་ནས། བསྐྱེད་རིམ་དང་རྫོགས་རིམ་གྱི་ལམ་ཉམས་སུ་ལེན་པ་ལ་ཟེར་གྱི་གཞན་འདོད་པ་ལྟར་གྱི་ཅིག་ཅར་བ་ནི་མ་ཡིན་ནོ། །ཡང་འབྲིང་མཚམས་ཀྱི་རི་བོ་སྒང་ཞེས་པར་ལམ་འབྲས་གསུངས་པའི་ཚེ། ནུབ་ཅིག་མནལ་ལམ་དུ་ཁང་པ་བཟང་པོ་ཅིག་གི་ནང་ཞལ་ཤར་བསྟན་ཅིག་ན་རྗེ་ས་ཆེན་ཡབ་སྲས་གསུམ་གྱི་སྐུ་ཤིན་ཏུ་མཚར་བ་འོད་དང་འོད་ཟེར་གྱི་རང་བཞིན་དང༌། ཆོས་རྗེ་ས་པཎ་གྱི་སྐུ་དེ་ཚོ་ལས་ཅུང་ཟད་མོག་པ་ཅིག་བཞུགས་འདུག་པ་རྨིས་ཞེས་གསུངས་སོ། །དེ་ནི་བླ་མ་ཡབ་སྲས་གསུམ་གྱི་གསུང་རབ་