[A:༥༢༡]ཀྱི་བྱི་དོར་མཐར་ཕྱིན་པའི་རྟགས་ཡིན་ནོ། །གཞན་ཡང་མེ་ཕོ་རྟའི་ལོའི་དགུན་ཆོས་ལ་ཟབ་ལམ་དང༌། བརྟག་གཉིས་གསུངས་པའི་ཚེ་གྲྭ་པ་མང་པོ་ཆོས་རྗེའི་དྲུང་ནས་ལ་སྐུ་ཆག་ཅུང་ཟད་ཆེ་བའི་རྨི་ལམ་བྱུང་བ་དང༌། གྲྭ་པ་འགའ་ཞིག་གིས་ལོགས་སུ་མོ་འདྲ་བཏབ་འདུག་པ་ལ་ཡང༌། སྐུ་ཆག་ཆེ་བས། སྤོང་དག་དང༌། སྐུ་མཚམས་དམ་པོ་མཛད་དགོས་ཟེར་བ་ལ། བགྲེས་པ་འགའ་ཞིག་གིས་དེ་བཞིན་ཞུས་པས། མོ་ལ་ངེས་པ་མེད་ནའང༌། སྤང་དག་དང་མཚམས་བྱས་པས་ཆོག་གསུངས་ནས། ཕྱག་རྫས་མང་པོ་བླ་བྲང་ཤར་དུ་ས་སྐྱ་པའི་དགེ་འདུན་རྣམས་ལ་འགྱེད་མཛད། ཆོས་རྗེའི་ཞལ་སྔ་ནས་ཤཱཀ་བཟང་སྐུ་འབུམ་དུ་སྐུ་མཚམས་དམ་པོ་མཛད་ནས་ཐུགས་དམ་གྱི་རིམ་པ། སྔ་སྐད་འཁོར་ལོ་བདེ་མཆོག་གི་ཚེ་སྒྲུབ་དང༌། ཕྱི་མ་རེད་ཨུཥྞཱི་ཥའི་སྲུང་འཁོར་མཛད་ནས། ཞག་པོ་འགའ་ཞིག་སོང་བའི་ཐོ་རངས་ཤིག་ལམ་འབྲས་པའི་བླ་མ་གོང་མ་འགའ་ཞིག་གིས་ཐུགས་དམ་རྣམ་རྒྱལ་མ་ལ་མཛད་འདུག་པ་དྲན་པ་དང༌། གཟུགས་མངོན་རྒྱུ་མེད་པའི་བར་སྣང་དུ་རྣམ་རྒྱལ་གྱི་གཟུངས་དག་པོ་ཚར་གཅིག་སྒྲ་ལྷང་བ་གསལ་པོར་བསྒྲགས་པ་བྱུང་བས། རྣམ་རྒྱལ་གྱི་སྒྲུབ་པ་གྱིས་ཤིག་པའི་བརྡར་དགོངས་ནས། དེ་ཕྱིན་ཆད་སྔ་སྐད་རྣམ་རྒྱལ་ལ་ཐུགས་དམ་མཛད། སྲུང་འཁོར་ཡང་གུར་མགོན་གྱི་སྲུང་འཁོར་གྱིས་ཤིག་པའི་མཚན་མ་བྱུང་ནས། ཕྱི་མ་རེད་གུར་མགོན་གྱི་སྲུང་འཁོར་མཛད་ནས། རྣམ་རྒྱལ་གྱི་བསྟོད་པ་ཉི་མ་རེ་ལ་ཤློ་ཀ་རེ་དང༌། གུར་མགོན་ལྕམ་དྲལ་དང་གདོང་བཞི་པ་ལ་བསྟོད་པ་རེ་མཛད་པས། པུ་ཏྲ་ན་རེ་ང་ལ་ཡང་བསྟོད་པ་བྱེད་དགོས་ཟེར་ནས་པུ་ཏྲའི་བསྟོད་པ་མཛད་དོ། །དེ་ལྟར་ཆོ་འཕྲུལ་ཆེན་པོ་ནས་དབོ་ཟླའི་ཚེས་བཅོ་ལྔ་ཡན་ལ་བསྟོད་པ་རྣམས་རྫོགས་པ་དང༌། མནལ་ལམ་དུ་ས་བཟང་ན་བཞུགས་འདུག་པའི་རྣམ་པ་ཅིག་ལ་མདོ་སྡེ་མཛངས་བླུན་ཅིག་ཕྱག་ཏུ་བྱུང་བ་ཡར་མར་གང་ནས་བགྲངས་ཀྱང་ཤོག་བུ་སུམ་ཅུ་རྩ་དགུ་རེ་བྱུང་སྟེ། ད་དུངའང་