R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༢༢
[A:༥༢༢]སྐུ་ཚེའི་ཚད་དེ་ཙམ་བཞུགས་ཟེར་བ་བྱུང་ཞིང༌། རྣམ་རྒྱལ་གྱི་བསྟོད་པ་ལ་ཡང་ཤློ་ཀ་སུམ་ཅུ་སོ་དགུ་བྱུང་བ་ཡིན་ནོ། །དེའི་སྨྱུག་མའི་ཕོན་པོ་ཅིག་ཀྱང་ཕྱག་ཏུ་ཕུལ་བྱུང་སྟེ། སྐུ་ཚེ་ལ་ཕན་མི་ཕན་གྱི་བཤད་པ་ཅི་ཡང་མ་བྱུང་གསུང་ངོ༌། །ཞག་པོ་གཉིས་ན་བྱིང་པོ་ལ་མཇལ་ས་འོང་བའི་དོ་ནུབ་མངའ་རིས་པ་བླ་མ་དཀོན་མཆོག་འོད་ཟེར་དང༌། རྗེ་མུས་པ་དཀོན་མཆོག་རྒྱལ་མཚན་གཉིས་ལ་སྐུ་མདུན་དུ་ཤོག་གསུང་བ་བྱུང་ནས་བྱོན་པས། ཆོས་རྗེའི་ཞལ་སྔ་ནས། རང་རེའི་གྲུབ་མཐའི་དགག་སྒྲུབ་རེ་ཙམ་མ་གཏོགས་སུ་ལ་ཡང་གནོད་པར་འགྱུར་བ་མ་བྱས་ཀྱང༌། འགའ་ཞིག་གིས་ཕྱག་དྲུག་པ་ལ་བརྟེན་པའི་བྱད་ཁ་འདྲ་བྱས་པར་འདུག །འདིའི་ཆོ་འཕྲུལ་ན་ནིང་འོང་རྒྱུར་འདུག་ནའང་ན་ནིང་རང་རེ་དཔོན་སློབ་རྣམས་ཀྱིས་ཆོས་སྨར་པོ་བྱུང་བས་མ་ཚུགས་པར་གདའ། ཁར་སིང་ནས་ཀྱི་རྨི་ལམ་ཚབ་ཚུབ་དེ་པའང་རང་རེ་ལ་དཀར་ཕྱོགས་འདྲའི་ཆོ་འཕྲུལ་འདྲ་ཡིན་ཚོད་དུ་འདུག །མཚམས་བྱེད་པ་ཟླ་ཕྱེད་ཀྱི་འཕྱིས་ན་སྐྱོན་དུ་འགྲོ་བར་གདའ། དེ་ལ་སྐྱོན་དུ་སོང་ནའང་གཞན་སེམས་ཀྱི་འཁྲི་བ་ཅི་ཡང་མི་འདུག །ད་ལྟ་བོད་ན་སྡེ་སྣོད་ཀྱི་བཤད་ཉན་དར་པོ་ཡོད་པས་ཕར་ཕྱིན་ཐེག་པའི་བསྟན་པ་ལེགས་པོ་ཡོད། གསང་སྔགས་བླ་མེད་ཀྱང་ས་སྐྱ་ལ་སོགས་པའི་དགོན་པ་སོ་སོ་ན་དགའ་མོ་ཡོད། ཡོ་ག་འདི་བར་སྐབས་ཅུང་ཟད་འགྲིབས་ནས། ཕྱིས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་བས་ཐུགས་རྩོལ་ཆེན་པོ་མཛད་ནས་གསོས་པའི་རྒྱུན་ད་དུང་ཡང་མ་ཉམས་པ་ཡོད། བྱ་སྤྱོད་གཉིས་པོ་འདི་དེང་སང་བཀའ་མ་ཆད་ཙམ་ལས་མི་འདུག་པས། འདི་གཉིས་སོས་པ་ཅིག་བྱུང་ན་བོད་དུ་བསྟན་པ་ཡོངས་སུ་རྫོགས་པ་ལེགས་པོ་ཅིག་འོང་བ་འདུག་སྙམ་སྟེ། དེ་ལ་ཆོས་རྗེ་རི་བོ་དགེ་ལྡན་པ་ཆེན་པོ་དང་ཚུགས་དང་གསང་སྔགས་ཀྱི་ཉམས་ལེན་གཅིག་ཏུ་མཛད་པ་དང༌། བྱ་སྤྱོད་ཀྱི་སྤྱོད་ལམ་དང་ཚུགས་མཐུན་ཤས་ཆེ་ཞིང༌། ཁོང་པ་གང་ཟག་སྟོབས་ཅན་ཡིན་པས། ཁོང་པས་ཐུགས་རྩོལ་མཛད་ན་སོས་པ་ཅིག་ཨེ་འོང་སྙམ་ནས་