[A:༥༢༣]དེ་ཁོ་ན་ལ་རྐང་བཙུགས་རི་བོ་དགེ་ལྡན་དུ་ཕྱིན་ནས་བླ་མའི་དྲུང་དུ་རྒྱུ་མཚན་ཞུས་པས། བླ་མའི་གསུང་ནས་ཁྱེད་ཀྱིས་བསྟན་པའི་ཁུར་ངོ་མཚར་ཆེ་སྟེ་རང་རེ་ལ་གང་ལ་ཡིན་ཀྱང་སློབ་གཉེར་ནི་བྱེད་དགོས་པར་སྣང༌། སློབ་གཉེར་བྱེད་པ་མཉམ་པོ་ལ་བླ་མེད་ལ་བྱེད་པ་འདི་ཁེ་ཆེ་བར་སྣང་བས། བླ་མེད་ལ་བྱེད་པ་ཡིན་གསུངས་ནས་རང་རེའི་བཞེད་པ་དེ་མ་བྱུང༌། དེ་ནས་རང་རེས་རྩོལ་བ་བསྐྱེད་ནས་བྱ་སྤྱོད་ཀྱི་རྒྱུད། འགྲེལ་པ་རྒྱ་གཞུང༌། བོད་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱིས་མཛད་པའི་ཡིག་ཆ་རྣམས་ལ་ལོ་བདུན་ཙམ་གྱི་བར་དུ་སློབ་གཉེར་བྱས། བྱ་སྤྱོད་གཉིས་ཀྱི་རྒྱུད་སྡེའི་རྣམ་གཞག་འདི་རྣམས་ཀྱང་བརྩམས་བྱས་པ་ཡིན་ཏེ། འདི་ད་དུང་ཡང་འདོད་པ་བཞིན་སོས་པ་ཅིག་མ་བྱུང་བས། འདི་ལ་རང་གི་གྲོགས་མཆེད་དམ། གྲྭ་པ་ལྟ་བུ་ལ་ཁྱེད་ཀྱིས་བརྩོན་པ་བསྐྱེད་ལ་བྱ་སྤྱོད་ཀྱི་བསྟན་པ་འདི་སོས་པ་ཅིག་གྱིས་ཤིག་ཟེར་བའི་ཁ་ད་ཅིག་བཞག་ས་མེད་པས་འདི་སེམས་ཀྱི་རྩེར་བཅུང་ཆེ་བར་འདུག་ཅེས་གསུང་པ་འདི་ནི་བསྟན་པའི་ཁུར་ལ་ཐུགས་ཀྱི་འཇུག་ཚུལ་དང་མཐུ་སྟོབས་གཞན་ལས་ཕུལ་དུ་ཕྱིན་པ་ཡིན་ནོ། །ད་སྐུ་ཆག་ལེགས་པར་སངས་ལགས་སམ་ཞེས་ཞུས་པས། ད་ཟླ་བ་དྲུག་པའི་ཚེས་གྲངས་ངེས་པ་ཅན་ཅིག་གསུངས་ནས། དེའི་དུས་སུ་དེ་ལ་དམིགས་པའི་དགེ་སྦྱོར་ཅུང་ཟད་ཅིག་བྱས་པས་དེ་ནས་ཆག་སྒོ་ལེགས་པར་སངས་ཡོད་ཅེས་གསུངས་སོ། །རི་བོ་དགེ་ལྡན་དུ་བྱོན་སྐབས། རྗེ་བཙུན་ཙོང་ཁ་པ་ལ་བྱང་ཆུབ་ལམ་རིམ་སོགས་གསན་ཞིང༌། དེར་དགེ་བཤེས་རྒྱལ་འོད་ལ་སོགས་པས་དུས་འཁོར་དབང་སོགས་དགོས་ཟེར་ནའང༌། མནལ་ལམ་དུ་མི་དཀར་པོ་ཅིག་ན་རེ། ཁྱེད་རང་འདིར་ཡུན་རིང་པོ་མ་སྡོད། དེའི་བར་ལ་ངའི་བར་ཆད་མི་བྱེད་ཟེར་བ་ཅིག་བྱུང་ནས། ཁོང་རྣམས་ལ་བླ་མའི་རྣལ་འབྱོར་སོགས་ཆོས་འབྲེལ་ཅི་རིགས་རེ་བྱས་ཞེས་རྣམ་ཐར་ཁ་ཅིག་ཏུ་འབྱུང་སྟེ། རྒྱས་པར་གོང་དུ་བཤད་ཟིན་ཏོ། །གཉིས་པ་ནི་དབང་ལུང་