[A:༥༢༤]མན་ངག་གིས་འགྲོ་བ་སྨིན་གྲོལ་ལ་བཀོད་ཚུལ་དང༌། གསུམ་པ་ནི་དེ་ལས་བསྟན་པ་ལ་ཕན་པའི་སྦྱིན་བདག་དང་སློབ་མ་བྱུང་ཚུལ་འོག་ཏུ་འཆད་པར་འགྱུར་རོ།། །།སྤྱི་དོན་གཉིས་པ་ཕ་རོལ་གྱི་རྒོལ་བ་ངན་པའི་ལོག་རྟོག་བཟློག་ཚུལ་ནི། འཆད་རྩོད་རྩོམ་གསུམ་གྱི་གོ་རིམ་དང་མཐུན་པར་འོག་ཏུ་འཆད་དོ། །སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཚུལ་སོགས་ཀྱང་འོག་ནས་གསལ་བར་འབྱུང་ངོ༌། །དེ་ལྟར་དེ་ཡན་ཆད་གདན་ས་ཕྱོགས་སུ་གཞན་དོན་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མཛད་དོ། །གདན་ས་ཆེན་པོར་གཞན་དོན་ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང༌། འོན་ཀྱང་གདན་ས་ཆེན་པོར་གཡེང་བ་དང༌། ཆང་ས་ཆེས་པས་གྲྭ་པ་རྣམས་ཀྱི་སློབ་གཉེར་ལ་གནོད་པ་དང༌། ཆས་ཀ་ལ་གཟན་ཅིང༌། གྲྭ་པ་གཉེན་པོ་ཆུང་བ་འགའ་རེ་ཆུད་ཟོས་ལ་ཡང་འགྲོ་བར་འདུག་པས། ཚང་མ་མེད་པར་དབེན་གནས་ཤིག་ཏུ་བཞུགས་ཏེ་འཆད་ཉན་མཛད་ན། བསྟན་པ་དང་གྲྭ་པ་ལ་ཕན་ཆེ་བར་དགོངས་ནས། སྔར་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པའི་གསུང་གིས་འུ་ཅག་བྲག་ཕུག་པའི་དགེ་བཤེས་ཅིག་བྱེད་པ་ཡིན་ནོ་ཞེས་གསུངས་པ་ལ་བརྟེན་ནས། ནམ་ཟ་བྲག་ཕུག་དང༌། གཞན་ཡང་བསམ་གླིང་སོགས་དབེན་གནས་དུ་མར་ཐུགས་འདུན་མཛད་དེ། གུར་གྱི་མགོན་པོ་ལ་མཆོད་གཏོར་ཕུལ་ཞིང་གསོལ་བ་བཏབ་པས། དེ་རྣམས་གང་དུ་ཡང་བརྟག་པ་མ་བྱུང་བར། ཐུགས་འདུན་མ་མཛད་པའི་ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་དེ་རང་འོད་གསལ་ལ་གསལ་པོར་ཤར་བྱུང་ཀྱང་གནས་འདི་ན་ཡོད་གསལ་བ་རང་མ་བྱུང་བ་ལ། ནུབ་ཅིག་མནལ་ལམ་དུ་ཁྱོད་ཀྱི་དགོན་པ་དོན་གྲུབ་ཀྱིས་སྟོན་པ་ཡོད་དོ་ཟེར་བ་ཅིག་བྱུང་བ། ཕྱིས་ཉག་རེ་དགེ་བཤེས་དོན་གྲུབ་ཟེར་བ་ཅིག་ཡོད་པ་དང་གསུང་གླེང་བྱུང་བས། ཁོང་གིས་ཆུ་མིག་ཏུ་བསྡད་ནས་ངོར་ན་ཡར་མེ་ཤིང་བསྒྲུབ་ལ་ཕྱིན་པས། ཨེ་ཝཾ་ཆོས་ལྡན་གྱི་ས་ཆ་དེ་མཐོང༌། ཁོང་པ་ས་སྐྱར་སླེབས་ནས་རྗེའི་སྐུ་མདུན་དུ་བྱུང་བ་དང༌། ཁོང་གིས་མེ་