[A:༥༢༧]འབྲས་སོགས་གསུངས་ཚེ། ས་སྐྱའི་ཡང་དགོན་བླ་བྲང་ནས་སྲང་ཁ་མདུང་ཚུགས་ཀྱི་བར་དེ་རྣམས་ཤིང་ནགས་ཆེན་པོ། ཁ་དོག་དམར་སིང་བྱས་པ་རྒྱ་ཆེན་པོ་ཅིག་འདུག་པ། འདི་ཅི་ཡིན་བྱས་པས་ཁྱེད་ཀྱི་བསྟན་འགྱུར་བཞེངས་པའི་སྨྱུ་གུ་ཡིན་ཟེར་བ་རྨི་གསུངས། དེ་ནི་དེང་སང་སྐུ་བསོད་དང་བསྟན་པ་ལ་ཕན་ཐོགས་ཆེན་པོ་འོང་བའི་ལྟས་ཡིན། གཞན་ཡང་རྗེ་བཙུན་རིན་པོ་ཆེའི་ཞལ་བུ་ལྟོ་ཕོར་དུ་གཏད་པ། མ་ཧཱ་ཀཱ་ལའི་རས་བྲིས་རྙིང་པ་ཆེན་པོ་ཅིག་གི་རྒྱབ་ལ་ཡིག་ཕྲེང་དགུ་འདུག་པ་ལ། ད་ས་སྐྱ་པ་ལ་འདི་འདྲ་འོང་ཟེར་བ་འདུག་པ་ཚར་གཅིག་བཀླགས་པ་རྨིས་པ་དེ་མནལ་སད་ཙ་ན་བརྗེད་གསུངས། དེའི་ཚེ་བལ་པོ་དང༌། ལྷ་བྲིས་པ་སོགས་གློ་བུར་དུ་དགོན་པར་སླེབ་བྱུང་བ་སོགས་རྒྱས་པར་འོག་ཏུ་འཆད། དབྱར་ཆོས་ལ་དགེ་འདུན་སུམ་བརྒྱ་ཙམ་ཚོགས་པ་རྣམས་ལ་ལམ་འབྲས་གནང་བས། ལམ་འབྲས་ཚོགས་པ་ལ་གསུངས་པའང་འདི་ནས་འགོ་ཟུག་པ་ཡིན་ནོ། །ཐུགས་དམ་མཛད་པ་དང་ལམ་དུས་ལེན་པ་བསྐྱང་འདྲེན་བྱེད་པ་རྣམས་གཟིགས་ནས་ཆོས་རྗེ་ཉིད་ཀྱང་ཐུགས་དགེས་པར་གྱུར་ཏོ། །གོང་དུ་བཤད་པའི་གནས་ཕུན་སུམ་ཚོགས་པ་དེར་དབེན་གནས་མཛད་ཅིང་དགོན་པའི་མིང་ཡང་སྟོད་ནས་བྱོན་ནས་གསོ་སྦྱོང་ཅིག་མཛད་པའི་སང་སྔ་དྲོ། མདོང་ངའི་རྨི་ལམ་ལ་ཡི་གེ་ཨེ་དང་ཝཾ་གཉིས་ལས་ཆོས་ཀྱི་ཕུང་པོ་འབྱུང་བ་ཡིན་ཞེས་སོགས་ལ་བཤད་པ་བྱས་པ་རྨི་བས། རང་རེའི་དགོན་པ་འདི་ལ་ཨེ་ཝཾ་ཆོས་ལྡན་འདོགས་པ་ཡིན་ནོ་ཞེས་གསུང་ཞིང་ཐུགས་དགེས་པའི་སྒོ་ནས་རབ་གནས་མཛད་དེ། དབྱར་གནས་པ་མཛད། དབྱར་ཆོས་ལ་འདུལ་བའི་བསླབ་བྱ་དང༌། བྱང་ས་དང༌། བསླབ་བཏུས་ལམ་འབྲས་སོགས་གསུངས། བདག་ཆེན་ཆུ་མིག་པས་ས་ཐམས་ཅད་བདེ་སྤྱོད་དུ་ཕུལ་བ་ཡིན་ནའང་ཆུ་མིག་ཏུ་བྱོན་ཏེ་བཀའ་ཤོག་ཞུས། ཤེལ་གྱི་ཕོར་པ་སོགས་ས་རིན་དུ་འབུལ་བ་མཛད། དགོན་པའི་ཁང་དུ་ཤ་ཆང་དང་ནག་མོ་འགྲིམས་ས་མེད་པ་དང༌། དེར་བཞུགས་ཀྱི་དགེ་འདུན་