R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༢༨
[A:༥༢༨]ཐམས་ཅད་དང་ཚུགས་ལ་གནས་པ་དང༌། ས་གཞན་དུ་འཁོན་རྩོད་ལ་སོགས་པ་ཅི་ཡོད་ཀྱང༌། ཨེ་ཝཾ་ཆོས་ལྡན་དུ་འཁོན་རྩོད་ལ་སོགས་པ་བྱ་ས་མེད་པའི་བཅའ་ཁྲིམས་ལེགས་པོ་མཛད། དེའི་ཚེ་ཉིན་གཅིག་རོང་པོའི་སྤྱི་ཁང་འོག་མ་དེ་ལ་གཟིགས་ནས། ཞིང་སྟེང་ཕ་ཏ་ན། ས་སྐྱའི་གུར་མགོན་ལྕམ་དྲལ་གྱི་འཆམ་སྐུ་དེ་གཉིས་བཞུགས་འདུག་པ་ཡིན་ཏེ། ཁང་པ་ཕ་ཏ་ན་འོང་བ་ལ་བལྟ་བ་ཡིན་པར་འདུག །མགོན་ཁང་ཅིག་དགོས་པ་ཡོད་དེ་ཞེས་གསུངས་པ་ནི། སྔར་རི་ཁྲོད་ཐུགས་དམ་ལ་ཤར་བའི་ཚེ་གཟིགས་པར་སྣང་ངོ༌། །ཕྱིས་འདུ་ཁང་ཅིག་བཞེངས་པར་དགོངས་དུས། ནུབ་གཅིག་མནལ་ལམ་དུ་འདུ་ཁང་ཆེན་མོ་མཛད་པར་དགོངས་པའི་གྱོང་ར་དེ་ན། བླ་མ་ས་ཆེན་ཡབ་སྲས་གསུམ་གྱི་སྐུ་སྔར་གྱི་ལྟ་བུ་དང༌། ཆོས་རྗེ་ས་པཎ་གྱི་སྐུ་ཡང་དེ་ཚོ་དང་འདྲ་བའི་འོད་ཟེར་དང་གཟི་བརྗིད་མཐའ་ཡས་པ་དང་བཅས་གཟིགས་པ་རྨིས་ཞེས་གསུངས་པ་ནི། དེ་རྣམས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། བྱེ་བྲག་ཏུ་ས་སྐྱ་པའི་བསྟན་པ་ལ་ཕན་པ་དང་དར་རྒྱས་ཆེན་པོ་འོང་བའི་ལྟས་སུ་འདུག་གསུང༌། གཙུག་ལག་ཁང་གི་ལོགས་བྲིས་སོགས་ཀྱི་དཀར་ཆག་འོག་ཏུ་འཆད། དབྱར་ཆོས་ལ་གསུང་ངག་གསུངས་པ་དེ་ནས་བཟུང་སྟེ། གཙོ་བོར་གསང་སྔགས་རྡོ་རྗེ་ཐེག་པ་རྒྱུད་སྡེ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས། དབེན་གནས་འདིར་ཕེབས་ནས་རྡོ་རྗེ་ཐེག་པ་དོན་དུ་གཉེར་བའི་དགེ་བའི་བཤེས་གཉེན་ཕྱོགས་མཐའ་དག་ནས་དུས་དང་གནས་སྐབས་ངེས་པ་མེད་པར་འབྱོན་པས་དབང་དང་བྱིན་རླབས། རྒྱུད་དང་མན་ངག་ལ་སོགས་པ་རྣམས་ཀྱང་དུས་དང་གོ་རིམ་ངེས་པ་མེད་པར་དོན་དུ་གཉེར་བའི་ཤེས་འདོད་ཀྱིས་སྟབས་ཀ་དང་བསྟུན་ནས་རྒྱུན་མི་ཆད་པར་གསུང་ཞིང་
གསང་སྔགས་པའི་དམ་ཚིག་ཏུ་ཛམྦྷ་ལའི་ཆུ་སྦྱིན་སོགས་རྟེན་འབྲེལ་འགའི་དབང་ལས་མཚན་ཉིད་གྲྭ་ས་ལས་སྔགས་གྲྭ་ལོངས་སྤྱོད་ཆེ་བར་འོང་གསུང་པའི་ལོ་རྒྱུས་འདུག
།དེ་ལ་སྤྱིར་རྒྱུད་སྡེ་བཞི་ལ་ཆོས་སྐད་རང་རྐང་ཚུགས་པ་