R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༣༠
[A:༥༣༠]པ་རྫོགས་པ་དང༌། གསང་འདུས་ལུགས་གཉིས། རིམ་བཞི། རིམ་ལྔ། རྩ་དབུ་མ། བདེ་མཆོག་དཀར་པོ། བདེ་མཆོག་སྙན་བརྒྱུད་ལ་སོགས་པ་འཁོར་ལོ་བདེ་མཆོག་རྫོགས་རིམ་གྱི་སྐོར་རྣམས་དང༌། གཤིན་རྗེ་གཤེད་དམར་ལྷ་ལྔའི་རྫོགས་རིམ་ཤིན་ཏུ་སྤྲོས་མེད། འཇིགས་བྱེད་རྭ་ཁྲིད་སོགས་རྫོགས་རིམ་གྱི་སྐོར་བསམ་གྱིས་མི་ཁྱབ་པ་ལན་གྲངས་རབ་ཏུ་མང་པོ་དང༌། དེ་དག་གི་སྔོན་འགྲོ། གསང་འདུས། གཤེད་དམར། འཇིགས་བྱེད། ཀྱེ་རྡོར། བདེ་མཆོག་ལོ་ནག །མ་ཧཱ་མཱ་ཡ་ལ་སོགས་པ་བསྐྱེད་རིམ་གྱི་རྒྱ་གཞུང་དུ་མ་དང༌། རྡོ་རྗེ་འབྱུང་བ། གསང་ལྡན་ལ་སོགས་པ་རྒྱུད་སྡེ་བཞི་སོ་སོ་དང་འབྲེལ་བའི་སྒྲུབ་ཐབས་ཀྱི་བཤད་པ་ཚན་ཆེ་བ་མཛད། དེ་ལས་གཞན་པའི་རྗེས་གནང་སོ་སོ་བ་མང་པོ་དང༌། སྒྲུབ་ཐབས་བརྒྱ་རྩ། རྒྱ་མཚོ་སོགས་རྗེས་གནང་གི་སྐོར་མང་པོ་དང༌། རྒྱུད་འབུམ་དང༌། མདོ་སྡེའི་ལུང་དང༌། སྔགས་ཀྱི་གཞུང་དང་འགྲེལ་པ་མང་པོ་དང༌། ས་སྐྱ་པ་ཁུ་དབོན་ལྔའི་བཀའ་འབུམ་སོགས་ལུང་གི་ཚོགས་གྲངས་མེད་པ་ལ་སོགས་ཏེ། མདོར་ན་དབང་དང་བྱིན་རླབས། རྒྱུད་མན་ངག །རྗེས་གནང་དང་རིགས་གཏད། སྒྲུབ་ཐབས་དང་ལུང་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་ཉིན་མཚན་ཁོར་ཡུག་ཏུ་རྒྱུན་མི་ཆད་པར་བསྐོར་བར་མཛད་དོ། །རྒྱལ་པོ་ལ་སོགས་པ་འགྲོ་བ་ཕལ་མོ་ཆེ་ལ། མདོ་སྡེ་མཛངས་བླུན། ལས་བརྒྱ་པ། བསླབ་བཏུས་སོགས་ལས་འབྲས་སྟོན་པའི་གཞུང༌། རྒྱལ་སྲས་ལམ་བཟང་དང༌། བློ་སྦྱོང་སོགས་བསྟན་བཅོས་དུ་མ་ཡང་ཡང་གསུང་ཞིང༌། བསྟན་པ་ལ་དད་པ་དང༌། ལས་འབྲས་ལ་ཡིད་ཆེས་པར་མཛད་དོ། །དེ་ལྟར་ཁོར་ཡུག་ཏུ་དམ་པའི་ཆོས་བཤད་པ་ལ་བརྟེན་ནས། སློབ་མའི་ཚོགས་དང༌། སྦྱིན་བདག་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། དེའང་ཅུང་ཟད་སྨོས་ན། ས་སྐྱའི་བདག་ཆེན་ཆུ་མིག་པ་གྲགས་པ་བློ་གྲོས། གཞི་ཐོག་པ་བློ་གྲོས་དབང་ཕྱུག །གཞི་ཐོག་པ་ཀུན་དགའ་བློ་གྲོས། ཆུ་མིག་པ་ཀུན་དགའ་