[A:༥༣༡]དབང་ཕྱུག །བདག་ཆེན་མཐུ་སྟོབས་དབང་ཕྱུག །བསོད་ནམས་རྒྱལ་མཚན་སོགས། འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་རྣམས་དང༌། ཤར་ཆེན་ཡེ་ཤེས་དབང་ཕྱུག་སོགས་ཤར་པ་དང༌། གཞན་ཡང་མདོ་སྔགས་ཀྱི་དོན་ལ་མཁས་ཤིང་ལག་ལེན་དང་ཉམས་ལེན་གྱི་རིམ་པ་ཐམས་ཅད་འཁྲུལ་བ་མེད་པར་ཐུགས་སུ་ཆུད་ནས་བསྟན་པའི་རྒྱུན་གནས་པ་དང༌། ཉམས་ལེན་གྱི་སྒོ་ནས་སྒྲུབ་པའི་རྒྱལ་མཚན་འཛུགས་པའི་བཤེས་གཉེན། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པ་དང༌། རྗེ་ཉིད་ཀྱི་རྒྱལ་ཚབ་དམ་པ་རྒྱལ་བ་མུས་པ་ཆེན་པོ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོ་དང༌། མཁྱེན་རབ་དབང་ཕྱུག་སྨར་ཁམས་པ་གྲགས་པ་བཟང་པོ་དང༌། ཆོས་རྗེ་གཞོན་ནུ་སེང་གེ་པ་དང༌། མཁས་པ་རཏྣ་ཤྲཱི་བྷ་དྲ་དང༌། རོང་སྟོན་ཤེས་རབ་དཔལ་དང༌། མཁན་ཆེན་འཇམ་པའི་དབྱངས་ཤེས་རབ་རྒྱ་མཚོ་བ་དང༌། བྱང་ཆུབ་སེམས་དཔའ་ཁ་ཆར་མཁན་པོ་བསོད་ནམས་རྒྱལ་མཚན་པ་དང༌། རོང་སྟོན་ཤེས་བྱ་ཀུན་རིག་དང་ཤཱཀ་བཟང་སྐུ་འབུམ་དུ་མཇལ་ཙམ་ལས་བཀའ་ཆོས་ཕན་ཚུན་གསན་པ་ནི་མ་བྱུང་ལ། འོན་ཀྱང་ཐུགས་ཡིད་གཅིག་ཏུ་འདྲེས་པ་ཡིན་ཏེ། རོང་སྟོན་ཐམས་ཅད་མཁྱེན་པ་ཤཱཀྱ་རྒྱལ་མཚན་གྱི་ཞལ་སྔ་ནས། ངའི་དགོན་པ་ནཱ་ལེནྡྲ་འདིར་ལུང་རིགས་ཀྱི་བཤད་པའུར་ཆེམ་ཆེམ་པ་གྱིས། སྔགས་ཕྱོགས་དོན་དུ་གཉེར་ན་ངོར་དགོན་གསར་དུ་སོང༌། བླ་མ་ས་བཟང་པ་ཀུན་དགའ་བཟང་པོ་རྡོ་རྗེ་འཆང་དངོས་སུ་འདུག །ངས་ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ལམ་འབྲས་ཉན་ཆོས་ཞུས་པ་བས། བླ་མ་ཀུན་དགའ་བཟང་པོས་ཤཱཀ་བཟང་སྐུ་འབུམ་དུ་ཇ་གྲལ་ལ་བོས་པའི་སར་འབེལ་གཏམ་བྱས་པ་གོ་རྒྱུ་ཆེ་བར་བྱུང་གསུང་ཞིང་བསྟོད་པ་རབ་དཀར་མ་ཡང་མཛད་དོ། །ཕྱིས་རོང་སྟོན་ཉིད་ཀྱང་བདེ་མཆོག་གི་སྐོར་འགའ་ཞིག་གསན་པ་ལ་ཕེབས་དགོས་ཚུལ་ཨེ་ཝཾ་དུ་ཕྱག་བྲིས་འབྱོར་ཡང་ཞལ་བགྲེས་པ་དང༌། ནཱ་ལེནྡྲ་