R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༣༤
[A:༥༣༤]མཁའ་སྤྱོད་ཀྱི་གདམས་ངག་ལ་བརྟེན་ནས་སྒྲུབ་པ་མཛད་ཅིང་བཞུགས་པ་ལ། སྐབས་ཤིག་ཏུ་རོལ་མོའི་སྒྲ་དང་འཇའ་ཚོན་བྱུང་ནས་བལྟར་ཕྱིན་པས་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སོ་ཞེས་དེའི་ཡོན་བདག་སོགས་ཀྱི་མཐུན་སྣང་དུ་གྲུབ་པར་གྱུར་ཏོ། །ཚ་མོ་རོང་པ་བསོད་ནམས་བཟང་པོ་ཚ་རོང་གི་རི་ལ་འཆི་ཁར་མཁའ་སྤྱོད་དུ་གཤེགས་སོ་ཞེས་དེའི་གྲོགས་བརྫུན་མེད་པ་རྣམས་ཀྱིས་སྐུ་དྲུང་དུ་གླེང་གིན་སྣང་ལ། ཨ་མདོ་བའི་མཛོ་རྫི་ལས་ཅན་གཅིག །རྡོ་རྗེ་བདག་མེད་མའི་དབང་མཛད་དུས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ལྷ་ཐམས་ཅད་ཞལ་ཕྱག་རྫོགས་པར་མངོན་སུམ་དུ་མཐོང་བ་བྱུང་ཞེས་བླ་མ་དཔལ་ལྡན་པ་གསུངས། གཞན་ཡང་ལམ་འབྲས་དང་མཁའ་སྤྱོད་མའི་འདའ་ཀ་མ་ལ་བརྟེན་ནས་གྲུབ་མཐའ་སྙོགས་པ་ནི་མང་དུ་བྱུང་ངོ༌། །རྣལ་འབྱོར་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པ་ཡང་མཚན་དངོས་བརྩོན་འགྲུས་བཟང་པོ་གཞན་དུ་ཐང་སྟོང་རྒྱལ་པོ་དང༌། ལུང་སྟོང་སྨྱོན་པ་དང༌། གྲུབ་ཐོབ་ལྕགས་ཟམ་པར་གྲགས་པ་ལོ་བརྒྱ་དང་སོ་བརྒྱད་ཙམ་བཞུགས་པ་དེ་ལ་སོགས་དུ་མ་བྱུང་བར་མངོན་ནོ། །མདོར་ན་སྟོད་མངའ་རིས། སྨད་མདོ་ཁམས། བར་དབུས་གཙང་སོགས་ཉི་འོག་གི་རྒྱལ་ཁམས་ཐམས་ཅད་དུ་རྗེ་འདིའི་ཕྲིན་ལས་ཁྱབ་ཅིང་སློབ་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང་མོད། རེ་རེ་ནས་སུས་བརྗོད་པར་ནུས། འདིར་ནི་རགས་པ་ཙམ་ཞིག་བརྗོད་པའོ། །དེ་ལྟ་བུའི་སློབ་ཚོགས་དེ་དག་ཀྱང་རྗེའི་ཡོན་ཏན་བུམ་པ་གང་འབྱོར་བཞུགས་པ་ནི། རྗེ་མུས་ཆེན་དང་མཁན་ཆེན་ཤེར་རྒྱམ་པ་སོགས་ཡིན་ལ། གཞན་ཕལ་ཆེར་ཀྱང་མདོ་སྔགས་བསྟན་པའི་གསལ་བྱེད་ཁོ་ན་ཡིན་ཅིང༌། སློབ་མ་ཆུང་ཤོས་རྣམས་ཀྱང༌། བདེ་མཆོག །ཀྱེ་རྡོར། དུས་འཁོར་སོགས་ཆོས་སྐོར་རེ་རེ་འཛིན་སྐྱོང་སྤེལ་གསུམ་ཐུབ་པ་མཐའ་ཡས་སོ། །ཆོས་རྗེ་རིན་པོ་ཆེ་རང་ཉིད་ཀྱི་ཐུགས་རྒྱུད་ལ་ཡང༌། སྤྱན་ལམ་ན་ཡོད་པའི་བུམ་པ་ལ་སོགས་པའི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་