R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༤༠
[A:༥༤༠]དྲངས། བཀའ་འགྱུར། བསྟན་འགྱུར་ཚང་མར་བཞེངས་པའི་ཞལ་ད་དང༌། གསེར་གྱི་བཀའ་འགྱུར་གྱི་འཕྲོ་ཚར་བའི་ཞལ་ད་སོགས་འཛད། ལྷག་པ་རྣམས་བཏོན། མ་ཚང་བ་རྣམས་གསོས་ནས་དཀར་ཆག་ཀྱང་མཛད། གསེར་གྱི་བྱམས་པ་ཆེན་པོ། ལམ་འབྲས་བརྒྱུད་པ། ཀུན་རིག་གི་གཞལ་ཡས་ཁང་སོགས། སྐུ་གསུང་ཐུགས་ཀྱི་རྟེན་དུ་མ་རབ་གནས་མཛད། ཐུབ་བསྟན་དར་རྒྱས་གླིང་གི་ཆོས་སྡེར་དགེ་འདུན་སྟོང་ཕྲག་ཏུ་ལངས་པ་འཛུགས་པའི་ཞལ་ད་དང༌། ཆོས་དཔོན་འཇམ་དབྱངས་ཤེས་རབ་རྒྱ་མཚོ་བཀོད་པ་མཛད། གཞན་ཡང་རབ་བྱུང་བསྙེན་རྫོགས་སེམས་བསྐྱེད། ཡོ་ག་རྡོ་རྗེ་རྩེ་མོ། ཁམས་གསུམ་རྣམ་རྒྱལ། ཆོས་དབྱིངས་གསུང་དབང༌། ཡོན་ཏན་ཀུན་འབྱུང་སོགས་ཀྱི་དབང་བསྐུར། རྒྱུད་དང་བསྐྱེད་རྫོགས་ཀྱི་བཤད་པ་སོགས་མང་དུ་མཛད་ཅིང༌། མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེན་པོ་བསྐོར་ནས་གདུལ་བྱ་དཔག་ཏུ་མེད་པ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་ཡིན་ནོ། །སྦྱིན་བདག་ཆེན་པོ་དར་ར་ཁ་ཆེ་སོགས་སྐུ་མཆེད་ཀྱི་གསེར་གྱི་གའུ་ལྔས་གཙོ་བྱས་གསེར་སྲང་ལྔ་བརྒྱ་ལ་སོགས་པའི་འབུལ་བ་གྲངས་མེད་པ་ཕུལ། དེ་ལྟར་མངའ་རིས་གློ་བོའི་ཕྱོགས་ནས་བསྟན་པའི་སྦྱིན་བདག་ཨ་མེ་དཔལ་ཡབ་སྲས་ཀྱིས་ལན་གསུམ་གྱི་བར་དུ་གདན་འདྲེན་ཞུས་པས། བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འབྱུང་བར་དགོངས་ཏེ། མངའ་རིས་ཕྱོགས་ལ་ཆག་ཕེབས་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་ཡུན་རིང་དུ་བསྐོར། དེའང་གློ་བོར་དང་པོར་རབ་བྱུང་གི་ཆོས་བཀའ་ཚང་བ་བཞིར་ལངས་པ་ཡང་དཀོན་པ་ལ། དགེ་འདུན་གྱི་སྡེ་ཁྱད་པར་དུ་འཕགས་པ་བཙུགས་ཏེ། ད་ལྟ་འདུལ་བ་འཛིན་པ་སྟོང་ཕྲག་ཏུ་ལངས་པ། མདོ་སྔགས་ཀྱི་བཤད་ཉན་སྒོམ་སྒྲུབ་ལ་སོགས་པ་དབུས་གཙང་དང་འདྲ་བར་ཡོད་པ་དང༌། བསྟན་པ་སྤྱི་དང༌། བྱེ་བྲག་ཏུ་དཔལ་ལྡན་ས་སྐྱ་པའི་བསྟན་པ་