R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༤༡
[A:༥༤༡]གསལ་བར་མཛད་པ་དང༌། རིན་ཆེན་གསེར་ལ་སོགས་པ་ལས་གྲུབ་པའི་བདེ་བར་གཤེགས་པའི་རྟེན་གསུམ་ངོ་མཚར་བ་དུ་མ་དང༌། རིན་པོ་ཆེ་གསེར་དང་སྣག་ཚ་སོགས་ལས་གྲུབ་པའི་བཀའ་འགྱུར་དུ་མ་ལ་སོགས་པའི་གསུང་རབ་མཐའ་ཡས་པ་མང་དུ་བཞེངས་པའི་བཀའ་གནང་སྟེ། ཚུལ་བཞིན་དུ་བཞེངས་ནས་རབ་གནས་མཛད་པ་ལ་སོགས་པའི་མཛད་ཕྲིན་བཟང་པོས་མངའ་རིས་སྐོར་གསུམ་འཕགས་ཡུལ་སངས་རྒྱས་བཞུགས་པའི་དུས་དང་མཚུངས་པ་བྱུང་བ་ནི་རྗེ་ཉིད་ཀྱི་བཀའ་དྲིན་ནོ། །གཞན་ཡང་སྟེང་ཁེབས་སུ་ཆོས་སྡེ་གཉིས། ཁྱད་པར་སྟེང་ཁེབས་བྲག་དཀར་དུ་ཨ་ཅོ་བྱང་ཆུབ་སེམས་དཔས་གཙོ་མཛད་འདུལ་གྲྭ་རྣམས་ཀྱང་བཙུགས། དཀྱིལ་འཁོར་སོ་སོའི་སྒྲུབ་མཆོད། དོན་ཞགས་གཟུངས་སྒྲུབ་སོགས་མང་དུ་ཡོད། ཁྱད་པར་བྲག་དཀར་སེམས་དཔའ་ཆེན་པོ་བསོད་ནམས་རིན་ཆེན་པ་འཇམ་དབྱངས་སྔོན་པོའི་རྣམ་འཕྲུལ་ཡིན་པར་ངེས་ཤིང། དེའི་གང་དུ་བཞུགས་སར་ཀླུ་གཉན་ས་བདག་གི་གནོད་པ་མི་འབྱུང་བར་གྲགས། ཁོང་ལ་ངོར་དུ་ཡང་རྗེ་བླ་མས་ཡུན་རིང་དུ་བཞུགས་དགོས་པའི་བཀའ་ཕེབས་བྱུང་བ་ལ་ཅུང་ཟད་མགྱོགས་སྟབས་བྱོན་དགོས་བྱུང་བས། ཁོང་གིས་མཛད་པའི་བསྟོད་པར་དེའི་ཉེས་པ་བཟོད་གསོལ་ཡང་འབྱུང་ངོ༌། །འདི་ནི་ངག་སྒྲོས་དང་བསྟོད་པ་དེའི་འགྲོས་ལས་རྟོགས་སོ། །བྲག་དཀར་དགོན་པར་དགེ་འདུན་ནི་ཉིས་བརྒྱ་ཙམ་ཚོགས་པ་བྱུང་ངོ༌། །སྟེང་ཁེབས་བྲག་དཀར་དགོན་པ་དུས་ཕྱིས་མིང་དང་གྲུབ་མཐའ་བསྒྱུར་ཏེ་བཀྲ་ཤིས་ཆོས་འཕེལ་ཟེར་གྱིན་འདུག །ཆུ་འདུས་སུ་ཆོས་སྡེ་ཆེན་པོར་སྡེ་སྣོད་འཛིན་པ་ལྔ་བརྒྱར་ལངས་པ་བཙུགས། བཀའ་འགྱུར། བསྟན་འགྱུར། ཐུབ་པའི་གསེར་སྐུ་ཆེན་མོ་དང་ལྷ་ཁང་བཞེངས་པའི་ཞལ་བཀོད་མཛད། གཏིང་སོར་དེ་རྣམས་ཀྱི་རབ་གནས་མཛད། དྲུང་ཆེན་སྒྲོལ་མའི་སྒྲིབ་སྦྱོང་ལ། དྲི་མེད་འབུམ་ཐེར་ཆོ་ག་དང་བཅས་པ། རྒྱུན་ལྡན་གྱི་ཕྱག་ལེན་སོགས་བཙུགས། དེ་ལྟར་སྦྱིན་བདག་དེ་