[A:༥༤༣]སོགས་པའི་ལྕགས་རི་ཕྱིའི་སྐུ་འབུམ་རྣམས་དང༌། རིན་ཆེན་སྒང་ལྷ་ཁང༌། བླ་བྲང་མགོན་ཁང༌། བླ་བྲང་ཁང་སར་ཆེན་མོ། ཉི་ཐོག་དང༌། གུང་ལ་སོགས་པ་བརྒྱ་ཚོའི་བླ་བྲང་རྣམས་དང་བཅས་པར། ཀོང་བུ་ཆེ་ཆུང་བཞི་བརྒྱ་ལྷག་ཙམ་བཀང་ནས་ཚེས་བརྒྱད་ཀྱི་ཐོ་རངས་ནས་ལེགས་པར་སྦར་ཏེ། ཞག་པོ་བཅུ་གཉིས་ཙམ་གྱི་བར་དུ་ཁ་གསོ་ཞིང་ཁོར་ཡུག་ཏུ་འབར་བར་མཛད་ལ། དྲི་མ་མེད་པའི་ལྷ་བཤོས་ཉི་མ་རེ་ལའང་བརྒྱ་བས་ལྷག་པ་ཕུལ་ཅིང༌། མཆོད་ཡོན་ལ་སོགས་པ་གཞན་གྱི་བློ་འཁུལ་བ་བཤམས་ཏེ། དེ་དག་གི་སྐབས་སུ་བླ་མ་དམ་པ་གཞི་ཐོག་པས་གཙོ་མཛད་གཉུག་མར་གནས་པའི་དགེ་འདུན་རྒྱ་མཚོ་ལྟ་བུ་དང༌། མདོ་དབུས་མངའ་རིས་དང་བཅས་པ་གློ་བུར་དུ་བྱོན་པའི་དགེ་འདུན་རྣམས་དང༌། བླ་མ་དཔལ་ལྡན་རྒྱལ་པོ་སོགས་ཀྱང་འདི་དུས་མཇལ་བའོ། །ཟླ་བ་དེའི་ནང་དུ་དམ་པ་དེ་ཉིད་ཀྱི་དྲུང་དུ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་གསར་བུ་ལྔ་བརྒྱ་ལྷག་བྱུང་བ་རྣམས་ལ་མང་བསྐོལ་དང༌། རས་དཀར་གྱི་འབུལ་བ་དང༌། གྲལ་འགྱེད་རྣམ་པར་དག་པ་མཛད་ཅིང༌། དཀོན་མཆོག་གསུམ་དང་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་ཡན་ལག་བདུན་པ་འབུལ་ཞིང༌། བསྟན་པ་དར་བའི་སྨོན་ལམ་རྣམ་པར་དག་པ་འདེབས་པ་ལ་བརྩོན་པ་ཆེན་པོ་མཛད་དོ། །དེའི་ཚེ་རྗེ་ཉིད་རང་ཡང་འཁོར་གྱི་ཚོགས་དང་བཅས་ཏེ་ཞག་བཅུ་གཉིས་ཀྱི་བར་དུ་གཙུག་ལག་ཁང་རྣམས་སུ་རིམ་པར་བྱོན་ཏེ། ཡན་ལག་བདུན་པ་སྔོན་དུ་འགྲོ་བས་སངས་རྒྱས་ཀྱི་བསྟན་པ་སྤྱི་སྒོས་དར་བའི་སྨོན་ལམ་རྣམ་པར་དག་པ་འདེབས་པ་ལ་སྔ་དྲོ་ཕྱི་དྲོ་མི་གཡེལ་བར་མཛད་པ་སྣང་ཞེས་ཐོས་སོ། །དེའི་ཚེ་གདན་ས་ན་ཡོད་པའི་དགེ་བའི་བཤེས་གཉེན་རྣམས་ལ་ཐོས་བསམ་སྒོམ་གསུམ་ལ་བརྩོན་པར་མཛད་པའི་ཞུ་བའི་སྙན་བསྐུལ་མཐའ་དག་པ་འབུལ་ལ། རང་རང་གིས་འདོད་པའི་ཆོས་རྣམས་ཀྱིས་ཀྱང་ཚིམ་པར་མཛད་དོ། །དེ་དག་མཐར་ཕྱིན་པར་བྱེད་པའི་ཐབས་སུ། མ་ཧཱ་