[A:༥༤༤]ཀཱ་ལ་གུར་གྱི་མགོན་པོའི་དྲུང་དུ་གཏོར་ཚོགས་ཟན་དང༌། ཤ་སྐམ་མར་དུ་བཙོས་པ་དང༌། བུ་རམ་སྒར་མ་དང༌། བག་གི་ཕྱེ་སྐམ་ཆ་མར་དུ་བཙོས་པ་དང༌། ཀ་ར་དང༌། སྨན་སྣ་ཚོགས་པ་དང་བཅས་པ་ལྔ་ཚར་རེ་རེ་བཤམས་པ་དུས་གཅིག་ཏུ་བྱིན་གྱིས་བརླབས་ནས། རེ་རེ་ཕུལ་བ་སྣོད་ཆེན་པོར་བླུག་ཅིང༌། ཡང་བཤམས་པ་ལ་སོགས་པ་མཛད་པ་བརྒྱ་རྩ་བརྒྱད་དུ་གྲངས་ཚང་བ་འབུལ་ཞིང་སངས་རྒྱས་ཀྱི་བསྟན་པ་སྤྱི་སྒོས་སུ་དར་ཞིང༌། ཡངས་པའི་རྒྱལ་ཁམས་ཆེན་པོ་རྣམས་སུ་འཁྲུགས་ལོང་དང་གནོད་འཚེ་མཐའ་དག་ཞི་བའི་བཀའ་བསྒོ་བ་དང༌། ཕྲིན་ལས་ཞུ་བ་དཔྱིས་ཕྱིན་པར་མཛད་དོ་ཞེས་ཐོས་སོ། །དེ་ནས་རྟ་ལོ་ཁྲ་ཟླ་བའི་ཉི་ཤུ་བཞི་ལ་ཨེ་ཝཾ་ཆོས་ལྡན་དུ་ཆག་ཕེབས་ནས། ཕྱོགས་ནས་བྱོན་པའི་དགེ་བའི་བཤེས་གཉེན་རྣམས་དང༌། གཉུག་མར་གནས་པ་རྣམས་ལ་བརྟག་པ་གཉིས་པའི་རྒྱུད་མན་ངག་དང་བཅས་པ་ལ་སོགས་པ། ཐེག་པ་གསུམ་གྱི་དམ་པའི་ཆོས་ཉི་མ་རེ་ལ་སྤྱི་སྒོས་སུ་ཐུན་གསུམ་ལ་སོགས་པའི་སྒོ་ནས་འདོམས་པར་མཛད་དོ། །མདོར་ན་རིམ་གཉིས་ཟབ་མོ་ལ་གཡེལ་བ་མེད་པས་རྟོགས་པའི་ཡོན་ཏན་མཐའ་ཡས་པ་དང་ལྡན་པའི་ངང་ནས། གདན་ས་ཆེན་པོ་དང༌། ཆོས་དབར་གྱི་ས་མངའ་རིས་པུ་ཧྲངས་ཆོས་འཁོར་ཁ་ཆར་མན་ཆད། དབུས་ཀྱི་འབྲི་གུང་གི་མལ་གྲོ་ཡན་ཆད་དུ་བཞུགས་པ་དང༌། བྱོན་པའི་དགོན་སྡེ་རྣམས་སུ་འདུལ་བའི་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པའི་སྡོམ་པ་ལེགས་པར་ཐོབ་པ་མདོ་དབུས་མངའ་རིས་དང་བཅས་པ་ན་གྲངས་ལས་འདས་པ་དང༌། ཐེག་པ་ཆེན་པོའི་སེམས་བསྐྱེད། རིག་པ་འཛིན་པའི་དམ་ཚིག་ཐོབ་སྟེ་ཉམས་སུ་ལེན་པ་ལ་བཀོད། དེ་དག་གི་སྐབས་སུ་དད་པ་ཅན་རྣམས་ཀྱིས་བཞེངས་པ་དང༌། རྗེ་ཉིད་ཀྱིས་བཞེངས་པའི་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་མཐའ་ཡས་པ་རབ་ཏུ་གནས་པ་ལེགས་པར་བསྒྲུབས་ཏེ། བསྟན་པ་གནས་པ་དང༌། ཡོན་བདག་དགེ་ལེགས་འཕེལ་བ་དང༌།