[A:༥༤༥] ཡུལ་ཕྱོགས་བཀྲ་ཤིས་པའི་ཐབས་ཁོ་ན་ལ་དགོངས་པ་ཡིན་ནོ། །གཞན་ཡང་གོང་མ་ཆེན་པོ་གྲགས་པ་འབྱུང་གནས་པས་བྱའི་ལོར་ཡར་ལུངས་སོགས་སུ་གདན་འདྲེན་ཞུས་ནས། དབུས་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་དཔག་ཏུ་མེད་པ་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་སོགས་མཛད། དེའང་སྣེ་གདོང་དུ་ཟླ་བ་བདུན་བཞུགས། གོང་མ་ཉིད་དང་ཐེལ་གྱི་ཆོས་སྒོ་བ། རྩེ་ཐང༌། གསང་ཕུ་བྲག་ནག་གི་གདན་ས་པ། དྭགས་པོ་ཆོས་རྗེ་བཀྲ་ཤིས་རྣམ་རྒྱལ་བ་ལ་སོགས་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་གྲངས་མང་བ་ལ་སེམས་བསྐྱེད། རྒྱུད་སྡེ་བཞི་དང་འབྲེལ་པའི་དབང་མང་དུ་བསྐུར་བ་དང༌། བརྟག་གཉིས་དང་གུར་སྦྲགས་པའི་བཤད་པ་དང༌། ས་སྐྱ་བཀའ་འབུམ་གྱི་ལུང་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེ་བ་མང་དུ་གསུངས། བདེ་གཤེགས་ཕག་མོ་གྲུ་པའི་སྐུ། དུས་ཀྱི་འཁོར་ལོ། བདེ་མཆོག །ཆོས་དབྱིངས་གསུང་དབང་རྣམས་ཀྱི་གསེར་སྐུ་ཆེན་པོ་རྡོ་རྗེ་ཕྲེང་བའི་གཙོ་བོ་གཞན་རྣམས་ཀྱང་གསེར་སྐུ་བཞེངས་པ། ཕྲེང་བའི་བྲིས་སྐུ་ཚང་བ། བཀའ་འགྱུར་བསྟན་འགྱུར་རྣམས་ཀྱི་རབ་གནས་རྒྱས་པ་ལན་གསུམ་གྱི་བར་དུ་མཛད་ལ། དེ་དུས་གོང་མ་ཆེན་པོའི་སྐུ་རིམ་དུ་སྣེ་གདོང་རྩེ་དེ་ཉིད་དུ། དྭགས་པོ་བཀྲ་ཤིས་རྣམ་རྒྱལ། ཆོས་རྗེ་དགེ་བ་རྒྱལ་མཚན་སོགས་ཕྱག་ཕྱིར་བཀྲ་ཤིས་པའི་འཇིགས་བྱེད་དྲུག་ཅུ་པ་མཛད། དེ་དུས་ཀྱི་མཆོད་དཔོན་གུ་གེ་པཎྜི་ཏ་ཡིན་པས་ཕྱག་ལེན་གྱི་ཐོ་དང་མཐོང་བརྒྱུད་ཕྱག་ལེན་དེ་ནས་སོ། །གོང་དཀར་རིན་སྤུངས་སོགས་སུ་ཡང་ཡར་ཕྱིན་ཟླ་བ་བཞི་ཙམ་ཐོགས་ཤིང༌། དམ་པའི་ཆོས་ཀྱིས་སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེན་པོ་མཛད་དོ། །རྒྱལ་བའི་གསང་གསུམ་གཅིག་བསྡུས་རྡོ་རྗེ་འཆང༌། །མཁས་ཀུན་དགའ་བའི་འདྲེན་པ་བཟང་པོ་ནི། །གང་འདུལ་སྤྲུལ་པའི་རྣམ་རོལ་དཔག་མེད་ཀྱིས། །མཁའ་ཁྱབ་ཕྲིན་ལས་སུ་ཡིས་བརྗོད་པར་སྤོབས། །འོན་ཀྱང་གླིང་འདིར་ཀུན་གྱིས་གསལ་མཐོང་བའི། །དཔྱོད་ལྡན་