[A:༥༤༦]དགའ་བསྐྱེད་གཏམ་གྱི་ཕུལ་བཟང་པོ། །སྔོན་དང་ད་ལྟའི་མཛད་པའི་ལེགས་དཔྱད་མཆོག །སྐྱེ་བ་བརྙེས་དང་བསླབ་གསུམ་བདུད་རྩིས་གཏམས། །ཤེས་བྱ་ཀུན་ལ་བསླབ་སྦྱངས་མཐར་ཕྱིན་དང༌། །བསྟན་འགྲོའི་དགའ་བ་མཆོག་ཏུ་རྒྱས་བྱེད་པའི། །སྡོམ་པ་གསུམ་དང་འཆད་པའི་ཉི་འོད་ཀྱི། །ཕྲིན་ལས་བཟང་པོའི་དཀྱིལ་འཁོར་འདིར་ཤར་ཏོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་འཆད་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད་ནས། རྩོད་པའི་སྒོ་ནས་གཞན་གྱིས་ལོག་པར་རྟོག་པ་བཟློག་པ་ཡང༌། ཁ་ཅིག་སྔོན་གྱི་དུས་སུ་དཔལ་ལྡན་ཆོས་སྐྱོང་སེམས་ཙམ་གྱི་པཎྜི་ཏ་ཡིན་པས། བིརྺ་པའི་རྒྱུད་གསུམ་མན་ངག་དང་བཅས་པའི་དགོངས་པ་སེམས་ཙམ་དུ་བཀྲལ་བ་ཡིན་ནོ་ཞེས་པའི་ལོག་པར་རྟོག་པ་བྱུང་བ། ལུང་རིགས་ཀྱིས་སུན་འབྱིན་པར་བྱེད་པའི་བསྟན་བཅོས་ཆེན་པོ་རྒྱུད་གསུམ་གནོད་འཇོམས་རྩ་འགྲེལ་མཛད། ཡང་ཕྱིས་ཀྱིས་ཀྱེ་རྡོ་རྗེའི་ལུས་དཀྱིལ་རྒྱུད་རྒྱ་གཞུང་གང་ནས་ཀྱང་མ་བཤད་པའི་རྟོག་བརྟགས་ཡིན་ནོ་ཞེས་པའི་ལོག་རྟོག་འཇིགས་སུ་རུང་བ་ལམ་དུས་བླངས་པ་མཐོལ་བཤགས་བྱེད་པའི་སྐབས་བྱུང་བ་དེ་ལུང་རིགས་མན་ངག་གི་སྒོ་ནས་ལེགས་པར་སུན་ཕྱུང་ནས། རྒྱུད་གཞུང་གི་དགོངས་པ་བླ་ན་མེད་པ་སྒྲུབ་པར་བྱེད་པའི་བསྟན་བཅོས་ཆེན་པོའི་ལུས་དཀྱིལ་རྩོད་སྤོང་སྨྲ་བ་ངན་འཇོམས་ཞེས་བྱ་བ་དང༌། ལྟ་བ་ངན་སེལ་ཞེས་བྱ་བ་གཉིས་མཛད་དོ། །གཞན་ཡང་བླ་མ་གོང་མའི་ལུགས་ཀྱི་བདེ་ཀྱེ་གསང་གསུམ་གྱི་དོན་མ་རྟོགས་པ་དང༌། ལོག་པར་རྟོགས་པ་མཐའ་དག་སུན་འབྱིན་པའི་བསྟན་བཅོས་ཆེན་པོ་ལེགས་བཤད་གནད་ཀྱི་ཟླ་ཟེར། སྤྲིང་ཡིག་དབང་པོའི་རྡོ་རྗེ། དེ་བཞིན་དུ་དྲིས་ལན་སྣ་ཚོགས་ཀྱི་སྒོ་ནས་ལོག་རྟོག་ཟློག་པར་བྱེད་པའི་བསྟན་བཅོས་དུ་མ་མཛད་དོ། །དཔལ་ལྡན་ཀུན་དགའི་ལུང་རིགས་ལྷ་དབང་གིས། །རྡོ་རྗེས་ལོག་རྟོག་ལྷ་མིན་ཀུན་བཅིལ་ནས། །ཐུབ་བསྟན་སྐབས་གསུམ་རྒྱས་པར་མཛད་