[A:༥༤༨]པར་བྱ་ཞིང༌། དེར་མ་འདུས་པའང་དཔག་ཏུ་མེད་པ་ཤེས་པར་བྱའོ། །གང་གིས་རྒྱལ་ཀུན་མཛད་པ་མཛད་ནུས་པའི། །དྲི་མེད་ལེགས་བཤད་ཕྲེང་བའི་པུསྟི་ཀ །སུ་ཡིས་མཐོང་ན་དགའ་བ་སྐྱེད་བྱེད་པ། །བཟང་པོའི་སྐུ་ཚབ་ཁྱོད་གསུང་ལེགས་བཤད་ལགས། །དེ་ལྟར་དུས་དང་གནས་སྐབས་ཐམས་ཅད་དུ་གཡེལ་བ་མེད་པར་བསྟན་པའི་བྱ་བ་བྱས་པས། བསྟན་པ་སྤྱི་དང་བྱེ་བྲག་ས་སྐྱ་པའི་བསྟན་པ་ཤིན་ཏུ་གསལ་བར་བྱས་པ་ཡིན་ཏེ། འདུ་ཁང་ཆེན་མོ་མཛད་པའི་སྐབས་སུ་མཚན་ལྟས་རྗེ་བཙུན་གོང་མ་ལྔ་བྱུང་ཚུལ་སྔར་བཤད་པ་ལྟར་རོ། །སློབ་མ་དང་སྦྱིན་བདག་སོགས་ཀྱང་ཆོས་བཤད་པའི་ཕྲིན་ལས་ཀྱི་རྒྱུན་ཡིན་པར་སྔར་བཤད་ཟིན་ཏོ། །དེ་དག་གི་སྐབས་སུ་ལོངས་སྤྱོད་ཀྱི་དངོས་པོ་ཇི་སྙེད་ཕྱག་ཏུ་བྱུང་བ་ཀུན་ཀྱང་བླ་མ་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང༌། སངས་རྒྱས་ཀྱི་བསྟན་པ་གནས་པ་འབའ་ཞིག་གི་ཕྱོགས་སུ་གཏོང་བར་མཛད་དེ། དེ་ཡང་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའི་ཐུགས་དགོངས་རྫོགས་པའི་ཐབས་སུ་འདུ་ཁང་གི་གཙོ་ཁང་འོག་མར། སྟོན་པའི་གསེར་སྐུ་ཆེན་པོ་ངོ་མཚར་བ་གནྡྷོ་ལ་དང་བཅས་པ་དང༌། གྲུབ་ཆེན་བུདྡྷ་བའི་ཐུགས་དགོངས་རྫོགས་པའི་ཐབས་སུ། གསུང་ངག་གི་བླ་མ་བརྒྱུད་པ་ཡོངས་སུ་རྫོགས་པའི་བྲིས་སྐུ་ཆེན་མོ་བཅུ་གཅིག་དང༌། གཞན་ཡང་གཙང་ཁང་སྟེང་མ་ད་ལྟ་ལམ་འབྲས་ལྷ་ཁང་དུ་གྲགས་པར། རྡོ་རྗེ་འཆང་གི་གསེར་སྐུ་ཁྱད་པར་དུ་འཕགས་པ་དང༌། བདག་མེད་མ་ནས་གྲུབ་ཆེན་བུདྡྷ་པའི་བར་ལྡེར་སྐུ་ཁྱད་པར་དུ་འཕགས་པ་ཆེ་བ་རྣམས་དང༌། རྡོ་རྗེ་འཆང་ནས་གྲུབ་ཆེན་བུདྡྷ་པའི་བར་དུ་བརྒྱུད་པ་ཡོངས་སུ་རྫོགས་པའི་ལྡེར་སྐུ་ཆུང་བ་རྣམས་ལམ་ཟབ་ལྷ་ཁང་དུ་བཞུགས་པ་དང༌། བླ་མ་རྣམས་བཞུགས་པའི་གཙང་ཁང་གི་ལོགས་བྲིས་ལ། ཀྱེ་རྡོ་རྗེ་དང༌། འཁོར་ལོ་བདེ་མཆོག་དང༌། གསང་བ་འདུས་པ་རྣམས་ཀྱི་བླ་མ་བརྒྱུད་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་