[A:༥༤༩]མེད་པ་བཞེངས། ཆོས་རྗེ་འཕགས་པ་གཞོན་ནུ་བློ་གྲོས་པའི་ཐུགས་དགོངས་རྫོགས་པའི་ཐབས་སུ། བལ་པོའི་ལྷ་བཟོ་བ་མཁས་པ་རྣམས་ཀྱིས་བྲིས་པའི་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། ཀྲྀ་ཡ་ས་མུཙྪ་ནས་བཤད་པའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་དང་བཅས་པ་འདི་དང༌། གྲུབ་ཆེན་བུདྡྷ་བའི་དགོངས་རྫོགས་ཐབས་ལམ་འབྲས་ཐང་ཀ་བཅུ་གཅིག །བླ་མ་ཕྱི་མའི་ཁ་སྐོང་དང་བཅས། གསུང་ངག་གི་ལམ་དབང་སྐབས་སུ། རྗེ་དཀོན་མཆོག་དཔལ་ལྡན་པས་བཞེངས་པའི་གསེར་ཐང་རྣམས་དང་རེས་མོས་སུ་འགྲེམས་པ་འདི་ཡིན། གསེར་ཐང་འཕྲོས་རྣམས་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱིས་བཞེངས་པ་འདུག །བཞུགས་ས་སྔར་གྱི་གཟིམས་ཆུང་ཀ་གཉིས་མ་ད་ལྟ་ལམ་ཟབ་ལྷ་ཁང་དུ་གྲགས་པར་བཞུགས། འདི་ལས་གཞན་དུ་འཁྱེར་བཅོམ་བྱེད་ན་རྡོ་རྗེ་ཆོས་སྐྱོང་རྣམས་ཀྱིས་ཚར་གཅོད་ཀྱི་ལས་མཛད་པར་འགྱུར་རོ། །གཞན་ཡང་ཟུར་བཀའི་དཀྱིལ་འཁོར་གྱི་རིགས་མཐའ་ཡས་པ་རྣམས་དང༌། ཞིང་ཁམས་མའི་སྐུ་ལ་སོགས་པ་རས་བྲིས་ཀྱི་ཚོགས་ཤིན་ཏུ་ཡ་མཚན་ཆེ་བ་གྲངས་མེད་པ་བཞེངས་པ་དང༌། དགེ་འདུན་གྱི་འདུ་ཁང་དང་གཙུག་ལག་ཁང་ཁྱད་པར་དུ་འཕགས་པ་བཞེངས་པའི་གཙང་ཁང་གི་ནང་དུ། ཡུམ་ནས་བཤད་པའི་ཕྱོགས་བཅུའི་སངས་རྒྱས་ཀྱི་ལྡེར་སྐུ་ལ་སོགས་པ་ཁྱད་པར་དུ་འཕགས་པ་དང༌། ལོགས་རིས་ལ་གསེར་འོད་ནས་གསུངས་པའི་ཕྱོགས་བཅུའི་སངས་རྒྱས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང༌། འདུ་ཁང་གི་ལོགས་རིས་ཞིང་ཁམས་ཉི་ཤུ་རྩ་བརྒྱད་ལ། དབུས་སུ་སྟོན་པ་བདུད་འདུལ་མ་དང༌། ཆོས་འཆད་མ་གཉིས། དེ་དག་གི་གཡས་གཡོན་དུ་སྨན་བླའི་མདོ་བརྒྱད་བརྒྱ་པ་ནས་བཤད་པའི་དེ་བཞིན་གཤེགས་པ་དྲུག །ནུབ་ཕྱོགས་ཀྱི་ཞིང་ཁམས་དང་པོ་ལ། སྨན་པའི་རྒྱལ་པོ། ཤར་ཕྱོགས་ཀྱི་དང་པོ་ལ་བཅོམ་ལྡན་