[A:༥༥༠]འདས་མི་འཁྲུགས་པ། ཞིང་ཁམས་ལྷག་མ་བཅུ་ལ་ཕྱོགས་བཅུ་མུན་སེལ་ནས་བཤད་པའི་ཕྱོགས་བཅུའི་སངས་རྒྱས། དེ་དག་གི་བར་རྣམས་སུ་བསྐལ་བཟང་ནས་བཤད་པའི་སངས་རྒྱས་སྟོང་ལ་སོགས་པ་སངས་རྒྱས་ཀྱི་སྐུ་རབ་ཏུ་མང་པོ་དང༌། ཤར་ནུབ་ཀྱི་ཞིང་ཁམས་བཅུ་གཉིས་ཀྱི་དཔུང་ཟུར་གཡས་གཡོན་དུ་རྡོ་རྗེ་གདན་གྱི་གཏད་རབས་ཉི་ཤུ་རྩ་བཞི། ཕྱོགས་བཅུའི་སངས་རྒྱས་ཀྱི་ལྡེམ་ལ། མདོ་དགོངས་པ་ངེས་འགྲེལ་ནས་བཤད་པའི་ཉན་ཐོས་ཉི་ཤུ། ཕྱིའི་སྒོའི་ནང་གི་གཡས་གཡོན་གྱི་ཞིང་ཁམས་བརྒྱད་ལ། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད། ལྡེམ་ལ་དཔང་སྐོང་ཕྱག་བརྒྱ་པ་ནས་བཤད་པའི་བྱང་སེམས་བཅུ་དྲུག །དེ་རྣམས་ཀྱི་བར་དང་འོག་རྣམས་སུ་འཇམ་དཔལ་རྩ་རྒྱུད་ནས་བཤད་པའི་རང་རྒྱལ་བཅུ་དྲུག །འདུལ་བ་ལུང་ནས་བཤད་པའི་ཉན་ཐོས་བརྒྱ། གཞན་ཡང་གནོད་སྦྱིན་གྱི་སྡེ་དཔོན་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བཞེངས་སོ། །དེ་དག་གི་སྐབས་སུ་ལྷ་བཟོ་བ་ལ་སོགས་པའི་བཟོ་རིགས་པ་རྣམས་ལ་ཡོན་བརྫོངས་དང༌། སྟོན་མོ་དང༌། སྐོན་དང༌། བསྐྱོན་ལ་སོགས་པས་བསམ་པ་ལེགས་པར་ཚིམ་པར་མཛད་པ་དང༌། གཟིམས་ཆུང་དེང་སང་ལམ་ཟབ་ལྷ་ཁང་དུ་གྲགས་པའི་གསུང་ངག་བརྒྱུད་པའི་ལྡེར་སྐུ་ཆུང་བ་རྣམས་བཞུགས་ས་འདི་ཡིན་ནོ། །དེ་དག་གི་སྤྱན་སྔར་མཆོད་པའི་ཡོ་བྱད་མར་མེའི་ཕྲེང་བ་ཁོར་ཡུག་རྒྱུན་ལྡན་དུ་བཙུགས་པ་དང༌། ཆེན་པོ་ལ་འོས་པའི་གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། དར་དང༌། མུ་ཏིག་དང་བཅས་པའི་འཕན་གྱི་ཚོགས་དང༌། ཁྱད་པར་དུ་འཕགས་པའི་གོས་བཟང་བསྡུས་པའི་བླ་བྲེ་དང༌། ན་བཟའ་དང༌། རིན་པོ་ཆེ་དངུལ་གྱི་མཎྜལ་ལ་སོགས་པ་གསེར་དངུལ་གྱི་མཆོད་ཆ་གྲངས་མེད་པ་ལ་སོགས་པ་སྟེ། མདོར་ན་མཆོད་པའི་བྱེ་བྲག་བཟང་ཞིང་ངོ་མཚར་བ་དཔག་ཏུ་མེད་པ་དང༌། བདོག་པའི་དངོས་པོ་ཐམས་ཅད་དེ་དག་དང༌། བླ་མ་གོང་མ་རྣམས་ཀྱི་དུས་མཆོད་དང༌། གཞན་ཡང་