[A:༥༥༡]ལྷ་ས། བྱ་རྒོད་གཤོང༌། བོ་དོང༌། ཟར་བྱང་ཕུག །སྐྱིད་གྲོང༌། ཁ་ཆར་སོགས་སུ་མར་མེའི་ཕྲེང་བ་དཔག་ཏུ་མེད་པ། ཁྱད་པར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་རྣམས་སུ་གསེར་ག་ལྔས་གཙོ་བྱས་གསེར་ཞོ་སུམ་བརྒྱ་ཙམ་གྱི་རིན་གྱིས་མར་མེ་རྟ་ལོ་ཆོ་འཕྲུལ་ཆེན་པོའི་ཚེས་བརྒྱད་ནས་བརྩམས་ཏེ། ཉེར་ལྔའི་བར་དུ་རྒྱུན་མ་ཆད་པར་ཕུལ་ནས་སངས་རྒྱས་ཀྱི་བསྟན་པ་ཕྱོགས་ཐམས་ཅད་དུ་ཡུན་རིང་རྒྱས་པའི་སྨོན་ལམ་རྒྱ་ཆེན་པོ་མཛད་དེ་རྒྱས་པར་གོང་དུ་བཤད་ཟིན་ཏོ། །གཞན་ཡང་དགེ་འདུན་གྱི་བསྙེན་བཀུར་དབུལ་ཕོངས་ལ་སྦྱིན་པ་སོགས་དོན་ཅན་ཁོ་ན་ལས་འཇིག་རྟེན་གྱི་ཕྱོགས་སུ་གཏན་ནས་མི་རྫོང་བ་ཡིན་ནོ། །དེ་ལྟ་བུའི་མཛད་པ་མཐའ་ཡས་ཤིང་རྨད་དུ་བྱུང་བ་རྒྱུན་མི་ཆད་པ་བདེ་བླག་ཏུ་འགྲུབ་པའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པའི་ཕྲིན་ལས་ཆོས་སྐྱོང་རྣམས་ཀྱི་འབད་མེད་ལྷུན་གྲུབ་ཏུ་མཛད་པ་ཡིན་ཏེ། སྔར་ཤཱཀ་བཟང་སྐུ་འབུམ་དུ་བྱད་ཁ་ལ་བརྟེན་པའི་སྐུ་ཆགས་གུར་གྱི་སྲུང་འཁོར་གྱིས་བཟློག་པ་དང༌། ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་དུ་ཕེབས་པའི་ཚེ། རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བཞེངས་པ་དགོངས་པ་ན། བལ་པོའི་ལྷ་བཟོ་བ་ཝངྒུ་ལི་སྤུན་ལ་སོགས་པ་མཁས་པ་དྲུག་ཡོད་པའི་གཏམ་ཡང་མེད་པར་གློ་བུར་དུ་སྐུ་མདུན་དུ་སླེབས་ནས་ཇི་ལྟར་དགོངས་པའི་དཀྱིལ་འཁོར་རྣམས་དང༌། གཞན་ཡང་ཐུགས་དམ་གྱི་རིགས་མཐའ་ཡས་པ་འབད་མེད་དུ་གྲུབ་པའི་ཚེ། ལྷ་བཟོ་བ་ཨ་ཁེ་རཱ་ཛ་ཞེས་བྱ་བ་ཅིག་ཡོད་པ་ན་རེ། ངེད་འདི་རྣམས་ཕན་ཚུན་གཅིག་གིས་གཅིག་གླེང་བམ་ཡིན་པར། ཐམས་ཅད་བོད་དུ་བླ་མ་འཕགས་པའི་བུ་ཅན་དུ་འགྲོ་ཞེས་ཕྱོགས་གཅིག་ཏུ་གྲོས་འཆམས་ཏེ་བོད་དུ་འོང་བའི་ཚེ། ལ་སྟོད་ཤེལ་དཀར་དང༌། ཆུ་འདུས་དང༌། ས་སྐྱ་རྣམས་སུ་ཁྱེད་རང་རྣམས་འདི་ཚོ་རུ་ལས་དཀའ་བྱས་ན་ཡོན་རྫོངས་ལེགས་པོ་སྟེར་ཟེར་ཡང༌། དེ་ཚོ་གང་དུའང་སྡོད་མ་འདོད་ཅིང༌། གནས་པོ་མི་ཉག་ཅིག་