[A:༥༥༢]ཡོད་པ་ན་རེ། ཁྱེད་རང་ཨན་ཚ་ཁར་ཕྱིན་ནས་ལས་དཀའ་བྱས་ན་ཡོན་རྫོངས་ཐམས་ཅད་གསེར་དུ་འོང་བས་འགྲོ་ན་ངས་སྐྱེལ་ཟེར་ཡང་འགྲོ་མ་འདོད་པར། བླ་མའི་དྲུང་དུ་ཟངས་སླེབ་པ་འདི། བླ་མས་སྒོམ་བྱས་པ་ངེད་ཀྱི་སྙིང་ལ་ཕོག་པ་ཡིན་མོད་ཟེར་ཏེ་ཆོས་སྐྱོང་གིས་རང་དབང་མེད་པར་བཀུག་པ་ཡིན་ནོ། །དེ་བཞིན་དུ་སྟོན་པའི་གསེར་སྐུ་ཆེན་མོ་བཞེངས་པར་དགོངས་པ་ན། ལྷ་བཟོ་བའི་རྨི་ལམ་ན་ཁྲ་འབྲུག་གི་གཙུག་ལག་ཁང་ཡིན་སྙམ་པ་ཅིག་ན་འདུག་པ་ན། རྣ་བ་ལ་དུང་ལོ་དང་བཅས་པའི་ཨ་ཙ་རའི་གཟུགས་ཤིག་བྱུང་སྟེ། ངེད་ཀྱི་ལྷ་བཟོ་བ་ལ་འོང་དགོས་ཟེར་བ་ལ། ད་ལྟ་སྒོ་མི་འདུག །ལམ་ཡང་མི་ཕྱེད། མི་འགྲོ་བྱས་པས། ངའི་རྗེས་ལ་འོང་བས་མགོ་ཐོན་གྱིས་ཤོག་ཟེར་ནས་ཁྲིད་ཕྱིན་པ་རྨིས། རྨི་ལམ་ངན་ཟེར་ནས་རིམ་གྲོ་བྱེད་པའི་གྲབ་བྱས་པས། དེའི་ཞག་ལྷ་བཟོ་བ་འབོད་མཁན་མངའ་རིས་པ་དཔོན་པོ་ཨ་ཙ་ར་གྲོགས་མཆེད་གསུམ་གྱིས་སླེབས་པས་གསེར་སྐུ་ཆེན་པོ་བཞེངས་པ་ལ་འོང་བའི་ལྟས་ཡིན་ཚོད་དུ་འདུག་ཟེར། ས་སྐྱ་པའི་ཆོས་སྐྱོང་གི་རྣམ་འཕྲུལ་དུ་ཤེས་པ་དང༌། ཁྱད་པར་ཐུབ་དབང་གི་རབ་གནས་མཛད་དུས་སྐུ་སྟོད་ལ་ནས་གསུམ་ཚོམ་བུར་ཆགས་པ་ཆོས་རྗེ་ཤེས་རབ་རྒྱ་མཚོ་བ་དང༌། མཁར་ཆེན་སྟེང་པའི་མཁན་པོ་སོགས་ཀྱིས་གཟིགས། དེ་ཕྱིན་ས་ཕྱོགས་དེར་ཐོག་འབབ་པའི་འཕྲོ་ཆད་པ་སོགས་ཀྱི་དགེ་མཚན་དང་ལྡན་ཞིང་ཐོག་འབབ་པ་དང༌། ས་གཡོ་བ་ཨེ་ཝཾ་དུ་མི་འབྱུང་བར་གྲགས་ལ། གལ་ཏེ་བྱུང་ན་གཞན་གྱི་མནན་གཏད་སོགས་བཟློག་པའི་མཚན་མར་གྲགས་སོ། །གཞན་ཡང་ཆོས་སྐྱོང་གི་རྣམ་འཕྲུལ་ལས་མགོན་རྣམས། རེས་འགའ་ལས་བསྒྲུབས་ཀྱང་གཏང་རག་རེ་ཡང་མ་བྱུང་ཟེར་འཁང་བའི་རྣམ་པ་དང༌། རེས་འགའ་ཁྱེད་ཀྱིས་མ་བཅོལ་ཡང་ངེད་རང་གིས་བྱས་པ་ཡིན་ཞེས་ཁ་པོ་འདོན་པའི་རྣམ་པ་དང༌། ཡང་ལམ་འབྲས་བརྒྱུད་པའི་བླ་མའི་སྐུ་འདྲ་རྣམས་བཞེངས། སྦྲ་རྩི་བཏང་སྟེ་