[A:༥༥༣]ཐང་དཀྱིལ་དུ་བཞུགས་པ་ལ་མཚན་མོ། མོན་པ་དུང་ལོང་བཏགས་པ་གཅིག་བྱུང་ནས་དབོན་ལྷ་བཟོ་བ་མྱུར་དུ་ལོངས། ལྡེར་སྐུ་རྣམས་ཀ་དྲུག་མར་སྤྱན་འདྲེན་གྱིས་ཟེར་བ་དེ་ལྟར་བྱས་ནས་ཡུན་མི་རིང་བ་ནས་དྲག་ཆར་ཆེན་པོ་བྱུང་ངོ༌། །ཁྱད་པར་ཨེ་ཝཾ་ཆོས་ལྡན་གྱི་དགོན་པའི་གཉེར་གཏད་བསྟན་སྲུང་ནི་ཆོས་སྐྱོང་ཞལ་བཞི་པས་བྱེད་པ་ཡིན་ལ། དེའི་རྒྱུ་མཚན་གྱིས་ཆོས་སྐྱོང་འདིའི་བཀའ་གཏད་ཀྱང་རྗེའི་བཞུགས་ཁྲི་ལ་བཞུགས་པ་རེ་ལ་མ་ཐོབ་ན་ཨེ་ཝཾ་གྱི་ཁྲིར་འཁོད་དག་ལ་འཁུ་ལྡོག་འབྱུང་བར་བཤད། དེའང་རྗེའི་གསུང་ནས་འཇམ་དབྱངས་ཤེར་རྒྱམ་པ་ལ། ཁྱེད་ཅི་དང་མི་འདྲ་དགོན་པ་འདི་རང་རེ་དཔོན་སློབ་རྣམས་ཀྱིས་ལྟོ་རྒྱ་རི་ལ་ཕུག་ལ་བྱས་ནས་རྒྱབ་པ་ཡིན། ངེད་ཀྱི་སྡོད་ས་འདིར་ཁྱེད་ཀྱང་བཞུགས་དགོས་པ་འོང་གསུངས་ནས་ཞལ་གྱི་རྗེས་གནང་གིན་འདུག །དེ་དུས་གུ་གེ་པཎྜི་ཏས་ཀྱང་ཞུས་པས་ཁྱོད་ལ་མི་འོང་གསུངས་ནས་མ་གནང༌། ཨུ་ཚུགས་བྱས་པས་ཨ་ཙ་ར་འདིས་སོ་བསོད་དུ་མི་འཇུག་པར་སྣང་གསུངས་ནས་སྔགས་ཀྱི་བཟླས་ལུང་ཙམ་རྗེ་པཎྜི་ཏས་ཀྱང་གསན་ཞེས་འབྱུང༌། དེས་མཚོན་ཏེ་རྒྱུ་མཚན་མང་ཡང་རེ་ཞིག་དེ་ཙམ་མོ། །གུར་ལྕམ་དྲལ་དང་ཞལ་རྣམས་ཀྱི་བསྟོད་པ་མཛད་ཚེ། ནུབ་གཅིག་པུ་ཏྲ་ན་རེ། ང་ལ་ཡང་བསྟོད་པ་བྱེད་དགོས་ཟེར། དེའི་བསྟོད་པ་ཡང་མཛད་པས་བར་ཆད་ལས་གྲོལ་བ་དང༌། གཞན་ཡང་པུ་ཏྲ་ན་རེ། སྔགས་འཆང་ཀུན་དགའ་ཟླ་བ་ནི་མི་སྡོད་པར་འདུག །ང་ལ་གཏོར་མ་ཟུར་དུ་སྟེར་དགོས་ཟེར་བ་དང༌། མདོར་ན་དེ་དག་ལ་སོགས་པ་ཆོས་སྐྱོང་རྣམས་ཀྱི་རྣམ་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས་ཕྲིན་ལས་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་བསྒྲུབ་པ་ཡིན་ནོ། །གང་ཟག་དབང་པོ་ཀུན་གྱི་ཡང་རབ་ལ། །ཆོས་སྐྱོང་དགའ་བས་ཕྲིན་ལས་འབད་མེད་གྲུབ། །བསྙེན་སྒྲུབ་ལས་སྦྱོར་དག་ལ་མི་ལྟོས་པ། །དཔལ་ལྡན་བཟང་པོའི་ཕྲིན་ལས་ཨེ་མ་མཚར། །ཞེས་པ་ཆོས་རྗེ་རིན་པོ་ཆེའི་རྣམ་པར་ཐར་པ་རྒྱ་མཚོ་ཆེན་པོ་ལས་ཆུའི་ཐིག་པ་ཙམ་གཅིག་ཏུ་མདོར་བསྡུས་