[A:༥༥༤]ཏེ་བྲིས་པ་འདི་ནི་རྗེ་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་བཤེས་གཉེན་དུ་མས་ལན་མང་དུ་བསྐུལ་བ་ལ་བརྟེན་ནས་སློབ་འབངས་ཀྱི་ཐ་ཆུངས་སུ་གྱུར་པ་བྱ་བྲལ་བ་དཀོན་མཆོག་རྒྱལ་མཚན་གྱིས་མཚུངས་མེད་རྗེ་བཙུན་དམ་པ་དགུང་ལོ་བདུན་ཅུ་དོན་བཞི་པའི་སྟེང་ན་བཞུགས་པ། ཤིང་མོ་ཕག་གི་ལོ་ཐ་སྐར་གྱི་ཟླ་བའི་ཡར་ཚེས་བཅུ་གསུམ་ལ་བས་མཐའི་རི་ཁྲོད་ཡང་དབེན་བསམ་གཏན་ཕུག་ཏུ་སྦྱར་བ་འདིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བླ་མའི་བྱིན་རླབས་འཇུག་པར་གྱུར་ཅིག །ཅེས་རྗེ་བཙུན་མུས་པ་ཤིང་ཕག་ཡན་གྱི་རྣམ་ཐར་མཛད་པའི་སྦྱར་བྱང་ངོ༌། །འདི་ཡན་གྱི་རྣམ་ཐར་གུ་གེ་པཎ་ཆེན་གྱིས་ཀྱང་ཁོང་རང་གིས་ལོ་བཅུ་བདུན་བསྟེན་ཅིང་མཆོད་གཡོག་དང་གོ་རེ་ལེན་བགྱིས་པ་དང༌། གཞན་སྔ་ཕྱིའི་མཛད་པ་མང་པོ་རྗེ་རིན་པོ་ཆེ་ལོ་བཅོ་ལྔའི་བར་བརྟེན་པའི་བླ་མ་དཔལ་ལྡན་པ་དང༌། རྒྱལ་ཚབ་ཆོས་རྗེ་ཀུན་དབང་པ་སོགས་ཀྱི་གསུང་སྒྲོས་བཞིན་བཀོད་པ་ཡིན་གསུངས་སོ། །དེ་ལྟར་རྗེ་མུས་པ་དང༌། པཎ་ཆེན་གྱི་རྣམ་ཐར་གཉིས་ཅུང་ཟད་ཞིབ་པར་སྣང་བས་ཁུངས་བཅད་པའོ། །དེ་ལྟར་དགུང་ལོ་དགུ་པ་ལ་བཤད་གསར་མཛད་པ་སོགས་དང༌། ཁྱད་པར་དགུང་ལོ་བཅོ་བརྒྱད་པ་ནས། དགུང་ལོ་བདུན་ཅུ་དོན་ལྔའི་བར་དུ་བསྟན་པའི་བྱ་བ་བཤད་སྒྲུབ་སོགས་རྣམ་པར་དཀར་བའི་ཕྲིན་ལས་འབའ་ཞིག་གིས་ཉིན་མཚན་ཁོར་ཡུག་ཏུ་དུས་འདའ་བར་མཛད་ཅིང༌། དེ་ལ་ཡང་དགུང་ལོ་དགུ་པ་ལ་རབ་ཏུ་བྱུང་བ་ནས་རྟག་པར་གདན་གཅིག་རྡོར་དཀར་ཁོ་ན་ལ་བརྟེན་ཏེ་ངང་ཚུགས་དམ་པར་མཛད་པས། སྐུ་ལས་ཤིན་ཏུ་ཉམ་ཆུང་ཞིང༌། ཁྱད་པར་དགུང་ལོ་ཉི་ཤུ་རྩ་ལྔ་པའི་ཚེ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་བསྙུང་བ་དང༌། བདེ་བར་གཤེགས་ནས་དང་པོར་བདེ་བར་མ་གཤེགས་པར་བསྙུང་གཡོག་དང༌། བདེ་བར་གཤེགས་ནས་ཕྱིས་ཐུགས་དགོངས་རྫོགས་པའི་ཐབས་ཡོངས་སུ་རྫོགས་པའི་བར་ལ་གདན་གཅིག་གི་གསོལ་བ་དེ་ཡང་ཇི་ལྟ་བ་བཞིན་མ་བྱུང་བས་ལྟོ་རུབ་པ་བཞིན་སོང་བ་ཡིན་པ་འདྲ། དོང་ག་ཡེ་མི་