[A:༥༦༣]པ་མཛད་པ་དང༌། མཐོངས་ཀ་ན་འོད་སྐྱ་གསལ་བ་ཅིག་བྱུང༌། དེ་མ་ཁད་ལྟར་ཕྱིན་པས་མྱ་ངན་ལས་འདས་ཟིན་འདུག་ཅེས་ཟེར་ཏེ། བུམ་དབང་གི་འོད་ཀྱི་གོང་བུའི་འདའ་ཀ་མ་མཛད་པ་ཡིན་ཏེ། འདི་ནི་གློ་བོའི་ལྷ་རྗེས་མཐོང་བའོ། །དེ་ལྟར་བདེ་བར་གཤེགས་པའི་ཚུལ་བསྟན་ནས། དེའི་ཤངས་བུག་གཡོན་ནས་བྱང་ཆུབ་ཀྱི་སེམས་མང་དུ་བྱུང་ལ། དེ་ཡང་གདམས་ངག་ཟབ་མོ་ཡོད་པའི་དབང་ལས་ཏེ། བདེ་མཆོག་གི་གཞུང་དུ། ཆོས་ཀྱི་སྐུ་ལ་ཆོས་སྐུར་ངོ་ཤེས་པ་འཆི་ཁ་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་རྣམ་ཤེས་སྤྱི་གཙུག་ཏུ་སོང་སྟེ། ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་སུ་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །དེའི་རྟགས་པའི་ཁུ་བའི་ཐིག་ལེ་སྣ་བུག་གཡོན་ན་མར་འབྱུང་ངོ༌། །སྐུ་གཤེགས་རྗེས་ཉི་ཤུ་དྲུག་གི་ཉིན་པུར་གྱི་ཞབས་ཏོག་པ་རྣམས་ཀྱིས་གསང་བའི་གནས་བལྟར་མི་མངོན་པར་གྱུར་ཏོ། །དེ་རྗེས་གོང་གི་ཞལ་ད་གཞིར་བཞག་སྟེ། གདན་ས་པས་ཆོས་གསུངས། གཤེགས་རྫོགས་བྱེད་པ་ལ་མཆོད་སྤོང་ལེན་པ་ལ་སོགས་པ་མ་བྱེད་གསུངས་པ་ཡིན་ཞེས་དྲིལ་བསྒྲགས། ཕྱག་རྫས་གང་ཡོད་ཀྱི་སྟེང་ནས་གསོལ་འདེབས་ལ་སོགས་པའི་ཐུགས་དགོངས་རྫོགས་པའི་ཐབས་དང༌། གདན་ས་ཆེན་པོ་དང༌། གསང་ཕུ་དང༌། ནཱ་ལེནྡྲ་ལ་སོགས་པར་མང་ཇ་འགྱེད་དང་བཅས་པ་རྣམས་ཐུགས་ཀྱི་དགོངས་པ་བཞིན་ལེགས་པར་བསྒྲུབས་ཤིང༌། ནང་རྟེན་སྟོན་པའི་གསེར་སྐུ་ཆེན་མོ་རྒྱར་མཐོ་བཅུ་གསུམ་བྱས་པ། རྗེ་ཉིད་ཀྱི་སྐུ་ཚད་ཀྱི་འདྲ་འབག་གསེར་སྐུར་བསྒྲུབ་པ། ཕྱི་རྟེན་བདེ་གཤེགས་མཆོད་རྟེན་བརྒྱད་གདུགས་ཏོག་དང༌། བཅས་པ་ཟངས་གསེར་ལས་སྒྲུབ་པ་སོགས་དབུ་བཙུགས་ཏེ། ལོ་གཅིག་ན་བར་ཆད་མེད་པར་ལེགས་པར་མཐར་ཕྱིན་པ་དང་སྐུ་གདུང་མེ་མོ་གླང་གི་ནག་པའི་ཉེར་བཞིའི་བར་དུ་མཆོད་པའི་དངོས་པོ་བསམ་གྱིས་མི་ཁྱབ་པ་དང༌། བཅོམ་ལྡན་འདས་ཀྱེ་རྡོ་རྗེའི་སྒྲུབ་མཆོད་རྒྱུན་མ་ཆད་པར་ཕུལ་ནས་