[A:༥༦༧]སྒྲའི་ཨེ་ཝཾ་ནི། སྟོང་ཉིད་མཚོན་པར་བྱེད་པ་ལ། རྒྱུད་ཐམས་ཅད་དུ་ཨེ་ཝཾ་གྱི་སྒྲ་གཅིག་ཁོ་ནར་མ་ངེས་ཏེ། ཨེའི་མིང་གི་རྣམ་གྲངས་ལ། ནམ་མཁའ་དང༌། གསང་ཆེན་དང༌། པདྨ་དང༌། ཆོས་འབྱུང་དང༌། བྷ་ག་དང༌། བདེ་བ་ཆེན་པོའི་གནས་དང༌། སེང་གེའི་ཁྲི་ལ་སོགས་པར་བརྗོད་དེ། ཨེ་དང་མཚུངས་པར་ཐམས་ཅད་མཁྱེན་པའི་ངོ་བོ་ཉིད་སྟོན་པར་བྱེད་པའི་ཕྱིར། བདེ་བ་ཆེན་པོ་མཚོན་པར་བྱེད་པ་ལ། ཝཾ་ཡིག་ཁོ་ནའི་སྒྲར་མ་ངེས་ཏེ། བདེ་བ་དང༌། ཆགས་པ་དང༌། སྙིང་རྗེ་དང༌། ཐིག་ལེ་དང༌། ལྷན་ཅིག་སྐྱེས་པ་དང༌། མཆོག་མི་འགྱུར་བ་དང༌། དེ་ཁོ་ན་ཉིད་ལ་སོགས་པས་ཀྱང་ཝཾ་དང་མཚུངས་པའི་མི་འགྱུར་བའི་བདེ་བ་སྟོན་པའི་ཕྱིར་རོ། །དེ་སྐད་དུ། དུས་འཁོར་རྩ་རྒྱུད་ལས། ཨེ་དང་གསང་ཆེན་ནམ་མཁའི་ཁམས། །བྷ་ག་ཆོས་འབྱུང་ཆུ་སྐྱེས་དང༌། །སེང་གེའི་ཁྲི་བཞུགས་རྡོ་རྗེ་ཅན། །ཝཾ་དང་རྡོར་འཛིན་རྡོ་རྗེ་སེམས། །དུས་ཀྱི་འཁོར་ལོ་ཧེ་རུ་ཀ །རྒྱུད་རྣམས་ཀུན་གྱི་གནས་སུ་གསུངས༌། །ཡུལ་ཅན་དུ་མའི་མིང་རྣམས་དང༌། །སེམས་ཅན་དུ་མའི་བསམ་པའོ། །ཞེས་གསུངས་སོ། །གཉིས་པ་བྲིས་པ་གཟུགས་ཀྱི་ཨེ་ཝཾ་ནི། བཅོམ་ལྡན་འདས་ཀྱིས་བདེ་སྟོང་མཚོན་པར་བྱེད་པའི་ཡི་གེ་གཉིས་བསྟན་ཏེ། ཡི་གེ་འདི་གཉིས་ཀྱི་གཟུགས་སྒྲུབ་པ་ནི། དབུས་སུ་ཨ་གྲི་གུག་གི་རྣམ་པ་ལྟ་བུ་དང༌། ཤར་དུ་ཨེ་དབྱུག་ཏོའི་རྣམ་པ་ལྟ་བུ་དང༌། ལྷོར་རྀ་ཚེག་དྲག་གི་རྣམ་པ་ལྟ་བུ་དང༌། ནུབ་ཏུ་ལྀ་དགྲ་སྟའི་དབྱིབས་ལྟ་བུ་དང༌། བྱང་དུ་ཨོ་ཐིག་ལེའི་རྣམ་པ་ལྟ་བུར་བྲིས་པའོ། །དེ་ནས་དབུས་ཀྱི་ཨ་གྲི་གུག་གི་རྣམ་པ་ལྟ་བུ་ལ། སྟེང་དུ་ནུབ་ཀྱི་ལྀ་དགྲ་སྟའམ་མཐོང་གུག་ལྟ་བུ་བྱིན་པས་མགོར་འགྱུར་རོ། །ཤར་གྱི་དབྱུག་ཏོ་ལྟ་བུ་དེ་བྱིན་པས་ཨའི་གཡོན་གྱི་ཕྱོགས་སུ་འགྱུར་ཏེ་ཨེའོ། །ལྷོའི་རྀ་ཚིག་དྲག་ལྟ་བུ་དེ་བྱིན་པས་ཟླ་ཚེས་སུ་འགྱུར་རོ། །བྱང་གི་ཨོ་ཐིག་ལེ་ལྟ་བུ་བྱིན་པས་ཀླད་ཀོར་དུ་འགྱུར་རོ། །སྟོང་པ་ཆེན་པོ་ཡི་གེ་ལྔ་པའི་ཨེ་ཝཾ་གཅིག་བསྒྲུབ་པའོ། །དུས་འཁོར་རྩ་