R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༦༨
[A:༥༦༨]རྒྱུད་ལས། ཡི་གེ་ཨེ་དབུས་སེང་གེ་ཝཾ། །སངས་རྒྱས་ཀུན་གྱི་བདེ་བའི་གནས། །སྐུ་གསུམ་ཐུགས་ཀྱི་སྦྱོར་བ་ཡིན། །ནམ་མཁའི་ཁམས་སུ་རྡོ་རྗེ་སེམས། །ཟླ་བ་ས་བོན་ཡི་གེ་ལུས། །ཉི་མ་རྡུལ་དང་ཚེག་དྲག་དང༌། །སེམས་ཀྱི་རྣམ་པ་ཡི་གེ་ལ། །ཨེ་ཝཾ་ནམ་མཁའི་ཁམས་ན་གནས། །ཞེས་སོ། །གསུམ་པ་མཚོན་པ་བརྡའི་ཨེ་ཝཾ་ནི། རྡོ་རྗེ་དྲིལ་བུ་ཡབ་ཡུམ་ཞལ་སྦྱོར་དང༌། ཐབས་ཤེས་རབ་དང༌། རྡོ་རྗེ་པདྨ་སོགས་ཏེ། ཆོས་ཐམས་ཅད་བདེ་སྟོང་དུ་མཚོན་པར་བྱེད་པའི་བརྡའི་ཨེ་ཝཾ་སྟེ། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །ཞེས་དང༌། ཀྱེ་རྡོ་རྗེ་ལས། བུད་མེད་ཀཀྐོལ་བདེ་བ་ཅན། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཞེས་སོ། །བཞི་པ་གནས་ལུགས་དོན་གྱི་ཨེ་ཝཾ་ནི། བདེ་སྟོང་ཟུང་འཇུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཚོན་པར་བྱེད་པ་ཡིན་ཏེ། དྲི་མེད་འོད་ལས། དེ་བཞིན་དུ་ཨེ་ཡིག་ཝཾ་ཡིག་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ཉིད་བདེ་བ་ཆེན་པོ་དང༌། རྡོ་རྗེ་སེམས་དཔའ་དང༌། ཀུན་དུ་བཟང་པོ་དང༌། རིགས་བརྒྱའི་མགོན་པོ་ཞེས་སོགས། མདོར་ན་གནས་འདི་ཉིད་ལ་ཨེ་ཝཾ་འདོགས་པའི་རྒྱུ་མཚན། རྒྱལ་བའི་ལུང་ཟིན་གྱི་སྐྱེས་བུ་དམ་པ་ཀུན་དགའ་བཟང་པོ་དེ་ཉིད་མངའ་རིས་སྟོད་སྨད་རྣམས་སུ་སྤྱན་དྲངས་ཤིང༌། གདུལ་བྱ་རྣམས་ཀྱི་དོན་མཛད། སླར་ཡང་གནས་མཆོག་འདི་ཀར་ཆག་ཕེབས་པའི་སང་ཉིན་གསོ་སྦྱོང་རྒྱས་པ་ཞིག་མཛད་པའི་ཚེ། མདང་གི་རྨི་ལམ་དུ། ཡི་གེ་ཨེ་དང་ཝཾ་གཉིས་ལས། །ཆོས་ཀྱི་ཕུང་པོ་འབྱུང་བར་འགྱུར། །ཞེས་སོགས་ཨེ་ཝཾ་ལ་བཤད་པ་བྱེད་པ་རྨིས་ཤིང༌། ཨེ་ཝཾ་འདི་ཆོས་ཐམས་ཅད་འབྱུང་བའི་གནས་ཡིན་པས་ངའི་དགོན་པ་འདི་ལ་ཨེ་ཝཾ་ཐོགས་ཞེས་གསུངས་པ་ཡིན་ནོ། །ཨེ་ཝཾ་གྱི་སྒྲ་དོན་ཞིབ་པར་ཤེས་པར་འདོད་པས་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་སོགས་ཀྱི་ཡིག་ཆ་དང༌། དུས་འཁོར་ཕྱི་ནང་གཞན་གསུམ་གྱི་བཤད་པར་བལྟའོ་ཞེས་པ་དེ་རྣམས་ཀྱིས་ཨེ་ཝཾ་གྱི་སྒྲ་དོན་