R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༦༩
[A:༥༦༩]མདོར་བསྡུས་བཤད་ནས། ད་ནི་གནས་ཀྱི་ཡོན་ཏན་མདོ་ཙམ་བརྗོད་ན། རྗེ་བླ་མའི་ཐུགས་སྲས་གུ་གེ་པཎ་ཆེན་གྱི་གསུང་རྒྱུན་ཆོས་རྗེ་གློ་བོ་མཁན་ཆེན་གྱིས་བཀོད་པར་མཛད་པ་ནི། ༈ ཨོཾ་སྭ་སྟི་སིདྡྷཾ། ཀུན་མཁྱེན་དགའ་མཛད་དཔལ་འབྱོར་བཟང་པོ་ཅན། །སྐྱེས་ཆེན་བླ་མའི་ཞབས་ལ་གུས་བཏུད་ནས། །ཐེག་ཆེན་སྒྲ་དབྱངས་རྟག་ཏུ་སྒྲོགས་པའི་གཞི། །མཁས་མང་འབྱུང་བའི་ཞིང་འདིར་བསྔགས་པར་བགྱི། ཨེ་ཝཾ་ཐམས་ཅད་ཤེས་ཡིག་རྒྱལ་པོ་ཡིན། །ཟབ་ཡངས་དམ་ཆོས་ཇི་སྙེད་འབྱུང་བའི་གནས། །སངས་རྒྱས་རིན་ཆེན་ཁང་བཟང་ཟ་མ་ཏོག །དོན་ཀུན་སྒྲུབ་བྱེད་བདེ་ཆེན་ལྡན་པ་འདིར། །ཡང་དག་མཐའ་དག་ཐུགས་རྗེའི་རང་བཞིན་ཅན། །ཨེ་ཝཾ་འཁོར་ལོའི་མངའ་བདག་ཆེན་པོ་ནི། །མི་འགྱུར་ཆོས་ཀྱི་ཕྱག་རྒྱར་རྣམ་རོལ་ཞིང༌། །སངས་རྒྱས་རྣལ་འབྱོར་སེང་གེའི་ཁྲི་ལ་བཞུགས། །སྲིད་ཞིའི་དགའ་བདེ་སྒྲུབ་བྱེད་ཐུབ་བསྟན་ཡང༌། །ཡབ་གཅིག་འགྱུར་མེད་ཨེ་དང་ཤེས་རབ་ཡུམ། །རྣམ་འཕྲུལ་མཐའ་ཡས་སྤྲུལ་པའི་དཔལ་ཡོན་ལས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོར་ལྡན། །རྟག་པར་གསུང་དབྱངས་ཡན་ལག་དྲུག་ཅུ་ཡི། །རྒྱ་ཆེན་ཆོས་འཁོར་རིང་དུ་བསྐོར་བ་འདིས། །ཀུན་གཟིགས་ཞིང་དང་འོག་མིན་བདེ་བ་ཅན། །འདི་ཉིད་ཐ་དད་ཙམ་སྟེ་ཁྱད་པར་ཅི། །རྒྱབ་རི་རིན་ཆེན་དབང་གི་རྒྱལ་པོ་ཡིས། །སྐྱེ་དགུའི་དགོས་འདོད་མ་ལུས་སྒྲུབ་པར་བྱེད། །ཁམས་གསུམ་ཀུན་ལས་རྒྱལ་བ་གཡས་ཀྱི་རི། །ཐུབ་བསྟན་རྒྱལ་མཚན་མངོན་མཐོ་འཛུགས་པ་ལགས། །མདུན་རི་དགའ་ལྡན་དབང་པོ་འགྱིང་བ་ནི། །བསླབ་གསུམ་རིན་ཆེན་ཁུར་ལྡན་འདུལ་བའི་ཚུལ། །ལྷག་པར་རིན་ཆེན་འབྱུང་བའི་རྒྱུན་ལམ་ཡང༌། །ལྷ་ཡི་ལག་འགྲོའི་ལོངས་སྤྱོད་ཀུན་འདུས་བཞིན། །ནོར་འཛིན་ཁྱོན་རྣམས་ཀླུ་དབང་དཔལ་འབྱོར་དབྱིབས། །ཐེག་ཆེན་ཆོས་ཀྱི་སྒྲ་ཆེན་སྒྲོགས་པའི་དུང༌། །ལེགས་བཤད་བདུད་རྩིའི་དགའ་སྟོན་སྤྱོད་པ་ལ། །མཁས་མང་མཐའ་དག་འདུས་འདྲ་གཡོན་ཟུར་རི། །རབ་