R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦ན
[A:༦ན]བསོད་ནམས་དཔལ། སྤྲུལ་སྐུ་དབང་ཕྱུག་རྡོ་རྗེ། སྤོས་ཁང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན། ཀུན་མཁྱེན་དགའ་གདོང་པ་ཆོས་རྒྱལ་དཔལ་བཟང་། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། ཞྭ་ལུ་སྐུ་ཞང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག ཉམས་དང་རྟོགས་པའི་མངའ་བདག་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །དེ་ལྟར་ཕག་མོ་ཞལ་གཉིས་མ་སོགས་ལ་ཕག་ཞལ་དངོས་སུ་ཡོད་པས་རྡོ་རྗེ་ཕག་མོར་འཇོག་པ་འཐད་མོད། གཞན་ནཱ་རོ་མཁའ་སྤྱོད་སོགས་ལ་ཕག་ཞལ་མེད་པས་ཕག་མོར་འཇོག་པ་ཇི་ལྟར་རིགས་སྙམ་པའི་དོགས་པ་དཔྱོད་ལྡན་ལ་འབྱུང་ལ། རང་གི་བསམ་ཚོད་ནི་ཞལ་གཉིས་མ་རྡོ་རྗེ་རྣལ་འབྱོར་མ་ཐམས་ཅད་ཀྱི་རྩ་བའི་ལྷ་དང་། གཞན་འདིར་བཤད་པའི་སངས་རྒྱས་མཁའ་འགྲོ་མ་དང་། མཻ་ཏྲི་མཁའ་སྤྱོད། ནཱ་རོ་མཁའ་སྤྱོད་ལ་སོགས་པ་ལ་ཕག་ཞལ་དངོས་སུ་མེད་ཀྱང་ཞལ་གཉིས་པ་རྩ་བར་བྱས་ནས་དེ་ལས་གྱེས་པ་ལྟ་བུའི་ལྷ་ཡིན་པས་ཕག་མོར་བཞག་པ་ཡིན་ཏེ། སྒྲུབ་ཐབས་རྣམས་ཀྱི་ནང་ནས་ཀྱང་ཞལ་གཉིས་མ་འདི་ཐོག་མར་འབྱུང་ཞིང་། རྣལ་འབྱོར་མ་གཞན་གྱི་སྒྲུབ་ཐབས་འདིའི་རྗེས་སུ་འབྱུང་བ་ཡིན་ནོ། །དེ་སྐད་དུ་རྗེ་བཙུན་རིན་པོ་ཆེ་གྲགས་པའི་རྣལ་འབྱོར་བྱང་སེང་གི་དྲིས་ལས་ལས། རྡོ་རྗེ་རྣལ་འབྱོར་མ་ཐམས་ཅད་ཀྱི་རྩ་བ་ལྟ་བུར་རྒྱལ་པོ་ཨིནྡྲ་བྷུ་ཏིས་མཛད་པའི་ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས་ལས་ཞེས་གསུངས་པས་ཀྱང་ཤེས་ནུས་སོ། །མདོར་ན་ཕག་མོ་གཞན་རྣམས་ནི་ཕག་མོའི་