[A:༡༦ན]བོར་ནི་མགོན་པོ་འདི་ཉིད་ཀྱི་ཆོས་སྐོར་འཕགས་ཡུལ་ནས་སྤྱན་འདྲེན་པར་བྱེད་པ་པོ་ནི་གཉན་ལོ་ཙཱ་བ་ཆེན་པོ་དར་མ་གྲགས་ཉིད་ཡིན་ལ། དེ་ཉིད་ནས་བརྒྱུད་དེ་བྱང་གི་ཕྱོགས་འདིར་མན་ངག་གི་བཤད་སྲོལ་ཆེ་ཆེར་རྒྱས་པར་མཛད་པ་ནི། རྗེ་བཙུན་ས་སྐྱ་པ་ཡབ་སྲས་བརྒྱུད་པར་བཅས་པ་དག་ཡིན་པས་ལུགས་འདི་ནི་སྙིང་པོར་གྱུར་པའི་མན་ངག་ཏུ་བཟུང་ངོ་། །དེ་ཉིད་ཀྱི་མན་ངག་རྣམས་གབ་འཁྲུགས་འཐོར་བའི་སྐྱོན་སྤངས་པའི་ཕྱིར་དཀར་ཆག་ཏུ་འགོད་པར་བྱ་སྟེ། ཚུལ་འདི་ལའང་བརྒྱུད་པ་རྣམ་པར་དག་པ་གསུམ་ལས་འོངས་པའི་གདམས་ངག་གི་སྲོལ་གསུམ་མངའ་སྟེ། མ་ཧཱ་པཎྜི་ཏ་འབུམ་ཕྲག་གསུམ་པ་ནས་བརྒྱུད་པ་དང་། ཤྲཱི་པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ་ལས་བརྒྱུད་པ་དང་། ཁརྶ་པ་ཎི་རི་སུལ་གྱི་རྣལ་འབྱོར་མ་ཀུ་ས་ལི་ཆེན་མོ་ནས་བརྒྱུད་པའོ། །དང་པོ་ནི། མགོན་པོ་གདོང་བརྙན་ཅན་ནམ། ལས་སྦྱོར་གྱི་མགོན་པོར་གྲགས་པ་ཉིད་ཡིན་པ་ལ་དེའི་སྒྲུབ་ཐབས་ཀྱི་རྩ་བའི་རྒྱ་གཞུང་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་པཎྜི་ཏ་འབུམ་ཕྲག་གསུམ་པ་དང་གཉན་ལོས་བསྒྱུར་པ། རྒྱ་གཞུང་གི་འགྲེལ་པ་དྲི་མེད་དོན་གསལ་འཇམ་དབྱངས་རྒྱལ་མཚན་གྱིས་མཛད་པ། མངོན་རྟོགས། གཏོར་ཆོག འཁོར་མང་གི་མངོན་རྟོགས་རྣམས་བླ་མ་གོང་མས་མཛད་པ། ལས་སྦྱོར་གྱི་གསལ་བྱེད་ལས་ཀྱི་གཤམ་བུ་བརྒྱད་པའི་ཡི་གེ་གཉན་གྱིས་མཛད་པ། ཞར་ལ་དཔལ་མགོན་ཁྱུང་ཞལ་ཅན་གྱི་སྒྲུབ་ཐབས་གསེར་གྱི་སྤུ་གྲིའི་ལག་ལེན་གྱི་ཡི་གེ འདི་ལ་བླ་མ་ཁ་ཅིག་གདོང་བརྙན་ཅན་ཟེར་བའི་ཆོས་སྐྱོང་ཟུར་པ་ཞིག་ཡིན་གྱི། ཞལ་བཞི་པའི་རིགས་མ་ཡིན་ཞེས་གསུངས་