[A:༡༦བ]པར་གྲགས་ནའང་། དེ་ནི་རིགས་པ་མ་ཡིན་པའི་ཚུལ་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། བདག་མདུན་མགོན་པོ་ཞལ་ཁྲ་ཅན་ནམ། བསྒྲུབ་དུས་ཀྱི་མགོན་པོར་གྲགས་པ་ལ་བྱེད་ཅིང་། ལས་བཞིའི་བྱེ་བྲག་ཏུ་བསྒྲུབ་ཚུལ་ཤིན་ཏུ་ཟབ་པ་ཞིག་སྣང་ངོ་། །འདི་ལ་རྩ་བའི་སྒྲུབ་ཐབས་ཏ་ཐཱ་ག་ཏ་རཀྵི་ཏ་རང་ཉིད་ཀྱིས་མཛད་པའི་ཞལ་བཞི་པའི་དམ་ཚིག་གི་དངོས་གྲུབ་བསྒྲུབ་པའི་ཐབས་ཞེས་བྱ་བའི་རྒྱ་གཞུང་དང་། དེ་ལ་བརྟེན་ནས་གཉན་ལོས་མཛད་པའི་ལོ་རྒྱུས་དང་། སྒྲུབ་ཐབས་ཀྱི་རིམ་པ་དང་བཅས་པ་ཡོད་ཅིང་། ཕལ་ཆེར་ནི་སྙན་བརྒྱུད་ཀྱི་ཞལ་ཤེས་ལ་རག་ལས་པར་གསལ་ལོ། །གསུམ་པ་ལ་ཟབ་ཅིང་རྒྱ་ཆེ་བ་ཕྱིའི་སྒྲུབ་སྐོར། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་གསང་བའམ་ནང་གི་མན་ངག སྙིང་ནང་གི་ཁྲག་ལྟ་བུ་ཁྱད་པར་གྱི་མན་ངག་གོ །དང་པོ་ལ་ཡིད་ཆེས་ཤིང་ཁུངས་བཙུན་པའི་ཕྱིར་དུ་བརྒྱུད་པའི་ལོ་རྒྱུས་ཀྱི་ཡི་གེ་ནུས་ལྡན་དུ་བྱ་བ་རྗེས་གནང་གི་ཡི་གེ རྩ་བར་གྱུར་པ་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ གསལ་བྱེད་དུ་གྱུར་པ་ལྷན་ཐབས་ཡན་ལག་གི་ཡི་གེ འཕྲལ་དུ་ཉེ་བར་མཁོ་བ་གཏོར་ཆོག་དང་བསྐང་བ། བསྟོད་བསྐུལ་གྱི་སྐོར་རྣམས་སོ། །དང་པོ་ལ་ལོ་རྒྱུས་ཀྱི་ཡི་གེ་རྒྱས་པ་ས་ཆེན་གྱིས་མཛད་པ། འཕགས་པ་རིན་པོ་ཆེའི་གསུང་ལས་བྱུང་བའི་ལོ་རྒྱུས་ཀྱི་ཡི་གེའོ། །གཉིས་པ་རྗེས་གནང་གི་སྐོར་ལ། བླ་མ་གཉན་ལོས་མཛད་པའི་རྗེས་གནང་གི་ཡི་གེ རྗེས་གནང་ཁ་འུབ་པས་མཛད་པ། ས་ཆེན་གྱིས་མཛད་པའི་རྗེས་གནང་གི་ཡི་གེ རྗེས་གནང་གསལ་བ་རྗེ་བཙུན་རིན་པོ་ཆེས་མཛད་པ། རྗེས་གནང་ཤིན་ཏུ་རྒྱས་པའི་ནག་པོ་འགྲོ་ཤེས་ཡར་ཀླུང་པ་ལྡོང་སྟོན་སེང་གེ་རྒྱལ་