[A:༢༡བ]ལ། །འཁོན་སྟོན་མཁས་གྲུབ་མ་ཏིས་གསན། །ཡིག་ཆུང་འགའ་ཡི་ལུང་དག་ནི། །བླ་ཆེན་བདག་པོ་ཞ་ལུ་བ། །པཎ་ཆེན་ཤཱཀྱ་མཆོག་ལྡན་ལ། །རྗེ་བཙུན་ཆོས་རྗེས་གསན་པ་འོ། །བདག་ནི་སྙིགས་དུས་ཁ་བའི་ལྗོངས། །མ་རུང་རྒྱུ་བའི་ཁྲོད་དུ་ལྷུང་། །འོན་ཀྱང་སྔོན་གྱི་ལས་དབང་གིས། །ཡོངས་འཛིན་དམ་པ་འགའ་དང་མཇལ། །ཁྱད་པར་ཞིང་སྐྱོང་ནག་པོའི་སྐོར། །མཁས་གྲུབ་དམ་པ་བདུན་ལས་ཐོས། །ཡང་སྒོས་དྲིན་ཅན་རྡོ་རྗེ་འཆང་། །ཀུན་སྤངས་ཆེན་པོའི་ཞབས་པད་བསྟེན། །དད་གུས་གསེར་གྱི་ལྡེ་མིག་གིས། །ཟབ་དོན་ཐུགས་ཀྱི་སྒོ་ཕྱེ་ནས། །སྙན་བརྒྱུད་བདུད་རྩིའི་བུམ་བཟང་གནང་། །རྣམ་དཔྱོད་སྙིམ་པས་རབ་བཟུང་སྟེ། །ནན་ཏན་རོ་འཛིན་གྱིས་མྱང་པས། །ངེས་ཤེས་སྙིང་གི་དཀྱིལ་དུ་ཤར། །ཕྱོགས་གཞན་སྨོན་པའི་རེ་བ་བྲལ། །ཨེ་མ་ཁོ་བོ་སྐལ་བ་བཟང་། །ཞེས་སོ། །དེ་ལྟར་དཔལ་མགོན་ཞལ་བཞི་པའི་མན་ངག་གི་ཆོས་སྣའི་རྣམ་གྲངས་རྣམས་དང་། དེ་དག་བརྒྱུད་པ་གང་ལས་འོངས་ཀྱི་ཚིགས་སུ་བཅད་པ་དེ་དག་ནི་རྗེ་ཚར་ཆེན་གྱིས་མཛད་པའི་ཞལ་བཞི་པའི་མན་ངག་གི་དཀར་ཆག་ལས་ཇི་ལྟར་འབྱུང་བ་བཞིན་བཀོད་པ་ཡིན་ལ། དེ་ནས་རྗེ་བློ་གསལ་རྒྱ་མཚོའི་རྗེས་སུ། ཐམས་ཅད་མཁྱེན་པ་མཁྱེན་བརྩེ་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ཆོས་ཀྱི་རྗེ་དེ་ཉིད་ཀྱི་དྲུང་དུ། ཙ་ཏུརྨུ་ཁའི་མན་ངག་གི་ཆོས་སྐོར་གཞན་ཡང་ཐོབ་པ་ལ། དཔལ་མགོན་ཞལ་བཞི་པའི་སྒྲུབ་ཐབས་རྡོ་འབིད་སྲོག་གི་སྤུ་གྲི་དམར་ལེན་ཞེས་བྱ་བ་པཎྜི་ཏ་བྷོ་ཏ་རིས་མཛད་པ། རྗེ་ཚར་ཆེན་གྱིས་མཛད་པའི་