[A:60]ཐམས་ཅད་གཅིག་ཏུ་དྲིལ་ནས་མ་ཚང་བར་མེད་པར་བཀོད་པ་ཀུན་མཁྱེན་གཉིས་པ་བུ་སྟོན་ཆོས་རྗེ་དང་། ཆོས་ཀྱི་རྒྱལ་པོ་ཕྱོགས་ལས་རྣམ་རྒྱལ་བས་མཛད་པའི་ཐོག་མཐའ་བར་དགེའི་ཁྲིད་ཡིག་སོ་སོ་དང་། ཇོ་ནང་ཕྱོགས་ལས་པས་མཛད་པའི་ངོ་སྤྲོད་གསང་དོན་རབ་གསལ། ཞྭ་ལུ་མཁྱེན་རབ་ཆོས་རྗེས་མཛད་པའི་སྦྱོར་དྲུག་ཉམས་སུ་ལེན་ཚུལ་གྱི་ཡི་གེ ལོ་ཆེན་འགྱུར་མེད་བདེ་ཆེན་གྱིས་མཛད་པའི་སྦྱོར་དྲུག་གི་ཁྲིད་ཡིག་ཆེན་མོ་དང་པོའི་སངས་རྒྱས་འཆར་བ། ཆག་ལོ་ཆོས་ཀྱི་རྒྱལ་པོས་མཛད་པའི་དུས་འཁོར་ཆོས་འབྱུང་ཆེན་མོ་དཔག་བསམ་གྱི་སྙེ་མ། དུས་འཁོར་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་གསར་རྙིང་མང་པོའི་ལུང་སོགས་ཐོས་ཤིང་། གོང་དུ་སྨོས་པའི་བརྒྱུད་པ་དེ་རྣམས་ཀྱང་ཐོག་མར་དགེ་བ་བི་བྷུ་ཏི་ནས་བརྒྱུད་པ་དང་། བར་དུ་དགེ་བ་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པ་དང་། ཐ་མར་དགེ་བ་ཆོས་རྒྱལ་རིགས་ལྡན་སོགས་ནས་རིམ་པར་བརྒྱུད་པ་གཙོ་ཆེ་བ་ཡིན་གསུངས། མཆོག་གི་དང་པོའི་སངས་རྒྱས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་པོ་གཤོང་འགྱུར་ལ། ལོ་ཙཱ་བ་བློ་གྲོས་རྣམ་གཉིས་ཀྱིས་བཅོས་པའི་སྟེང་ནས་བཤད་བཀའ་ཐོབ་པའི་བརྒྱུད་པའང་གོང་རྭ་འབྲོ་གཉིས་ཀྱི་དབང་གི་རྩ་བའི་བརྒྱུད་པ་དང་འདྲ་བ་ལས། ཁོ་བོས་ཐོབ་པ་འདི་ནི་རིགས་ལྡན་ཆེན་པོ་ནས། ཤང་སྟོན་ཀུན་དགའ་དཔལ་ལྡན། ལོ་ཙཱ་བ་ནམ་མཁའ་དཔལ་བཟང་། པཎ་ཆེན་ཤེས་རབ་བཀྲ་ཤིས། རྗེ་བཙུན་བྱམས་པ་ཤཱཀ་འོད། ཐུགས་སྲས་ཆོས་དར་གྲགས་འཕེལ། ལོ་ཆེན་འགྱུར་མེད་བདེ་ཆེན་ནས་བརྒྱུད་པ་དེ། གཙོ་ཆེ་བའོ། །ཡང་གོང་གི་ཡིག་ཆ་དེ་དག་ལུང་གི་བརྒྱུད་པ་ལུགས་གཞན་ནི། ལོ་ཆེན་