R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༡ན
[A:༥༡ན] །དེས་ན་དེ་ཁོ་ན་ཉིད་ཀྱི་ཡི་གེ་དེ་རྗེ་བཙུན་གྱིས་མཛད་པ་ཡིན་ནོ་ཞེས་འབད་རྩོལ་གྱིས་སྒྲུབ་པ་དག་ལ་ནི་མཇུག་གི་མཛད་བྱང་བལྟ་བའི་མིག་ཙམ་ཡོད་ཀྱང་། འདི་འདྲའི་རིགས་ཅན་གྱི་དོན་གྱི་གནད་ལ་སྤྱོད་པ་ལ་ཉིན་མོའི་ལོང་བ་བཞིན་དུ་འགྱུར་རོ། །བླ་མ་འགའ་ཞིག་རྗེ་བཙུན་གྱིས་མཛད་ངེས་པའི་ཡི་གེ་ཞིག་ཀྱང་ཡོད་པ་འདྲ་བས་བཙལ་དགོས་གསུངས་ཡང་། རྗེ་བཙུན་གྱི་དངོས་སློབ་བླ་མ་དཔྱིལ་བསྒོམ་གྱིས་མཛད་པའི་ལམ་འབྲས་ཀྱི་ཡི་གེ་ལས། རྗེ་པའི་ཞལ་ནས་རྡོ་རྗེ་དང་དྲིལ་བུ་དང་ཕྲེང་བའི་དེ་ཉིད་ཅིག་བྱེད་པར་སེམས་པ་ལ་མ་གྲུབ་གསུངས་ཞེས་འབྱུང་བས་བཙལ་ཡང་ངལ་བ་ཙམ་དུ་ཟད་དོ། །སྨྲས་པ། ཐོས་ཆུང་ཐོས་དོན་མི་ཤེས་པར། །ཁུངས་མིན་ཁུངས་སུ་རེ་བ་ཡི། །བློ་ཆུང་བློ་ངན་ནོར་འཆང་བ། །ཁྱོད་མིན་ཁྱོད་འདྲ་ཤིན་ཏུ་མང་། །རྒོལ་བ་དྲུག་པ་ནི། ལུས་དཀྱིལ་འབྱུང་ཁུངས་མེད་པ་དང་། །ཞེས་པའི་རྒྱས་བཤད་དུ། ཁ་ཅིག་ན་རེ། ལུས་ཀྱི་ཕོ་བྲང་ལྔའི་ཨྃ་ལ་སོགས་པའི་ཡི་གེ་རྣམས་རིན་འབྱུང་ལ་སོགས་པའི་ས་བོན་དུ་བཞག་ནས་བསྐྱེད་པར་བྱེད་པ་མི་འཐད་དེ། དེ་ལྟར་ན་བཅོས་མའི་དཀྱིལ་འཁོར་དུ་ཐལ་བའི་ཕྱིར་དང་། ཧྃ་དང་ཧཱུྃ་ལྟ་བུ་ས་བོན་མགོ་ཐུར་བསྟན་དུ་མི་རུང་བའི་ཕྱིར་དང་། ཞེས་བཀག་ནས་ངག་འདོན་གྱི་ཚེ། ཨྃ་རིན་ཆེན་འབྱུང་ལྡན་ཞེས་སོགས་སྦྱར་ནས་གཞུང་གི་ཚིག་མཐའ་དག་མེད་པར་བྱེད་དོ། །འདི་མི་འཐད་དེ། རྗེ་བཙུན་རྩེ་མོས་ལུས་དཀྱིལ་ལུང་དང་སྦྱར་བའི་ལེའུ་གཉིས་པ་ནས་བྷྲུྃ་ལ་སོགས་པ་ནི་ཕོ་བྲང་ལྔའི་ལྷ་རྣམས་ཀྱི་ས་བོན་ཏེ་ཞེས་གསལ་བར་གསུངས་པ་དང་། གཞུང་བཤད་མཐོང་ངོ་ཅོག་གི་གྲངས་བགྲངས་ནས་དེ་