R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༠བ
[A:༥༠བ]ཏེ། སློབ་དཔོན་རིན་པོ་ཆེས་མཛད་པའི་སམྦུ་ཊའི་ཊཱིཀ་ཆེན་དང་ཡི་གེ་དེ་གཉིས་ལ་འགལ་བ་དུ་མ་ཞིག་ཡོད་པའི་ཕྱིར་རོ། །ཇི་ལྟར་ཡོད་ཅེ་ན། དེ་ཁོ་ན་ཉིད་ཀྱི་ཡི་གེ་དེར། རྩེ་དགུ་པ་ནི་དམ་ཚིག་གི་རྡོ་རྗེ། རྩེ་ལྔ་པ་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་འབྱུང་ལ། ཊཱིཀ་ཆེན་ལས། རྡོ་རྗེ་མཁའ་འགྲོར་རྩེ་དགུ་པ་ཡེ་ཤེས་ཀྱི་རྡོ་རྗེ། རྩེ་ལྔ་པ་དམ་ཚིག་གི་རྡོ་རྗེ་ཞེས་འབྱུང་བས་ཞེས་སོགས་གསུངས་པ་གཉིས་དངོས་སུ་འགལ་བས་སོ། ཊཱིཀ་ཆེན་གྱི་དེ་ནི་རྒྱུད་དོན་ལ་ཞུགས་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། རྩེ་མོ་དགུ་རུ་བཤད་པ་ནི། །ཡེ་ཤེས་རྡོ་རྗེས་འགྲོ་བ་སྒྲོལ། །ཞེས་རྩེ་དགུ་པ་གསུངས་ནས། དེ་ནས་དམ་ཚིག་རྡོ་རྗེ་ཡི། །མཚན་ཉིད་ཡང་དག་བཤད་པར་བྱ། །ཞེས་སོགས་ཀྱིས་རྩེ་ལྔ་པ་བཤད་པའི་ཕྱིར་རོ། །དེས་ན་རྒྱུད་དང་སློབ་དཔོན་རིན་པོ་ཆེའི་གསུང་གཉིས་ཆར་དང་འགལ་བའི་རྡོར་དྲིལ་གྱི་ངོས་འཛིན་རྗེ་བཙུན་ཆེན་པོས་ག་ལ་མཛད། ཡང་རྩེ་དགུ་པའི་ལྷ་འགོད་ཚུལ་ཡང་མི་མཐུན་ཏེ། ཡི་གེ་དེ་ལས་སྟེང་གི་རྭ་དགུ་ནི་ཕྱོགས་ཀྱི་རྭ་བཞི་རིགས་བཞི། དབུས་ནམ་མཁའ་ཀུན་ཏུ་བཟང་པོ། འོག་གི་དགུ་ཡེ་ཤེས་ལྔ། ཚད་མེད་བཞི་ཞེས་བཤད་ལ། ཊཱིཀ་ཆེན་ལས། སྟེང་གི་རྭ་བརྒྱད་བྱང་ཆུབ་སེམས་དཔའ་བརྒྱད་དེ། པདྨའི་ཕྱག་དང་བྱམས་པ་དང་། །ཞེས་སོགས་དང་། འོག་གི་རྭ་བརྒྱད་ནི་ལྷ་མོ་བརྒྱད་དེ། རྡོ་རྗེ་ལྕགས་ཀྱུ་ཞགས་པ་མ། །ཞེས་སོགས་དང་། དབུས་ཀྱི་རྭ་ནི། རྡོ་རྗེ་རྣམ་པར་སྣང་མཛད་དོ། །ཞེས་འབྱུང་བས་སོ། །དེ་བཞིན་དུ་རྗེ་ས་ཆེན་གྱི་སྲས་ཀྱི་ཐུ་བོ་མི་ཉག་པྲཛྙཱ་ཛྭ་ལའི་སམྦུ་ཊའི་ཊཱི་ཀར་ཡང་ཊཱིཀ་ཆེན་དང་མཐུན་པ་ཁོ་ན་འབྱུང་གི གཅིག་ཤོས་དང་མཐུན་པ་གཏན་མི་འབྱུང་ངོ་།