R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༢ན
[A:༥༢ན]ལ་དགོངས་ནས་མཁྱེན་རབ་དབང་ཕྱུག་གིས། ཚིག་རྐང་བསྒྲིགས་ལེགས་མི་ཤེས་ན། །དོན་བཟང་སྨོས་ཀྱང་ཅི་དགོས་པའི། །བླུན་པོ་རྣམས་ཀྱི་རང་དགའི་ཚིག །མཁས་རྣམས་བཞད་པུ་བསྐྱེད་པ་ཡི། །འབྲེལ་མེད་སྣ་ཚོགས་བྲིས་པ་ལ། །བསྟན་བཅོས་ཡིན་ཞེས་ཉན་བཤད་བྱེད། །བླུན་པོ་དགའ་བ་བསྐྱེད་ནུས་ཀྱི། །མཁས་རྣམས་དགའ་བ་བསྐྱེད་མི་ནུས། །ཞེས་གསུངས་པར་སྣང་ངོ་། །གཉིས་པ་ལ་གཉིས་ཏེ། ཡིན་ལུགས་ཀྱི་གོ་བ་ཆགས་པ་ལ་ཕྱོགས་གཉིས་མི་འགལ་བ། དང་པོའི་ལས་ཅན་ལ་ངག་འདོན་གཅིག་ཤོས་འཁྲུལ་གཞི་ཆུང་བའོ། །དང་པོ་ནི། སྤྱིར་རྣལ་འབྱོར་པའི་རྟེན་དཀྱིལ་འཁོར་བཞི་གྲུབ་ཙམ་ཉིད་ནས་སྐུ་བཞི་རང་བཞིན་གྱི་ལྷུན་གྲུབ་ཡིན་པས། དེ་ཡང་ཕྱོགས་གཅིག་ལ་མཚོན་ན། སྤྲུལ་འཁོར་གྱི་དབུས་ཀྱི་ཨྃ་རྩར་གྲུབ་ཙམ་ནས་སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་ཡི་གེའི་གཟུགས་སུ་གྲུབ་ཙམ་ན་ལོངས་སྐུ། དེའི་བདུད་རྩི་གྲུབ་ཙམ་ན་ཆོས་སྐུ། ཐམས་ཅད་ལ་ཁྱབ་པའི་རླུང་གྲུབ་ཙམ་ན་ངོ་བོ་ཉིད་ཀྱི་སྐུ་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་སྐུ་བཞི་རང་བཞིན་ལྷུན་གྱིས་གྲུབ་པའི་རྟེན་དཀྱིལ་འཁོར་བཞི་ལུས་ཀྱི་ཨྃ་ཡི་གེ་དེ་ཉིད་ཞལ་ཕྱག་གི་རྣམ་པར་གྲུབ་པ་ནི་རིན་འབྱུང་ཡིན་ལ། རིན་འབྱུང་དེ་རྩ་ཡི་གེའི་རྣམ་པར་གནས་པ་ནི་སྤྲུལ་འཁོར་གྱི་དབུས་ཀྱི་ཨྃ་ཡིག་གོ །དེ་ལྟར་ཡིན་པ་ཡང་། ཁ་སྦྱོར་ལས། ཧེ་རུ་ཀ་ལ་སོགས་པའི་ལྷ། །རྩ་གཟུགས་མཛེས་པར་ཡང་དག་འབྱུང་། །ཞེས་དང་། བདེ་མཆོག་རྩ་རྒྱུད་ལས། ཇི་ལྟར་ཕྱི་རོལ་ནང་དེ་བཞིན། །འདི་དག་སྔོན་ཉིད་གྲུབ་པ་ཡིན། །ཞེས་ཕྱི་རོལ་གྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་