R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༤ན
[A:༥༤ན]རོ། །དེས་ན་སློབ་དཔོན་རིན་པོ་ཆེའི་ལུང་དེའི་དོན་ནི་ཕོ་བྲང་ལྔའི་གཙོ་བོ་རྣམས་ས་བོན་ལས་བསྐྱེད་པ་དེའི་ཚེ་བྷྲུྃ་ལ་སོགས་པ་ལས་བསྐྱེད་ལ། ལུས་དཀྱིལ་གྱི་ཚེ་ཙཎྜ་ལི་དང་མཐུན་པའི་ཡི་གེ་རྣམས་ལུས་དཀྱིལ་གྱི་ལྷར་བསྒོམ་མོ། །ཞེས་པའི་དོན་གཉིས་ཀ་ཚིག་ཉུང་ངུའི་སྒོ་ནས་བསྟན་པ་ཡིན་པས་རང་གིས་མཐོང་བ་དེ་ཁོ་ན་ཡིན་གྱི། གཞན་ནི་གཏི་མུག་གོ་སྙམ་པའི་ཕྱོགས་རེ་བའི་བློ་དེ་དོར་ན་ལེགས་པར་མངོན་ནོ།། །།སྨྲས་པ། ཕྱོགས་སྔའི་བསམ་པ་མ་ངེས་པ། །ཕྱོགས་འཛིན་གཏམ་གྱི་ཅ་ཅོ་ཡིས། །ཕྱོགས་གཞན་ཁེགས་པར་མངོན་རློམ་པའི། །ཕྱོགས་རེའི་མིག་ཅན་འགའ་མེད་དམ། །རྒོལ་བ་བདུན་པ་ནི། རྒྱས་གདབ་རིགས་མཚོན་མེད་པ་དང་། ཞེས་པའི་རྒྱས་བཤད་དུ། ཁ་ཅིག་རྒྱས་གདབ་ཀྱི་སྐབས་སུ། སམྦུ་ཊི་ལས། རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །བདེ་བ་དམ་པ་རུ་ནི་བརྗོད། །ཞེས་པའི་དོན་འཁོར་ལོ་དྲུག་པ་འདོད་པ་པོ་རྣམས་ཀྱི་ལུགས་ལ་སྤྱི་གཙུག་གི་འཁོར་ལོ་རྡོ་རྗེ་སེམས་དཔའ་བསྒོམ་པ་ལ་འབྲུ་བསྣན་པས་ཆོག་མོད། མན་ངག་འདི་པའི་ལུགས་ལ་རྒྱས་འདེབས་ཀྱི་ལྷ་བསྟན་པ་ཡིན་ཞིང་། དེ་དང་མཐུན་པར་སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱི་ཕྱག་རྒྱ་བཞི་ལས། ཀུན་གྱི་དབང་བསྐུར་གནས་སུ་ནི། །ཞེས་བཤད་པས་ལུས་དཀྱིལ་གྱི་ལྷ་ལ་རྡོ་རྗེ་སེམས་དཔའི་རྒྱས་འདེབས་པ་རྒྱུད་དང་རྒྱ་གར་བའི་དགོངས་པ་ཡིན་པར་གསལ་ལོ་ཞེས་ཟེར་ཞིང་། ངག་འདོན་གྱི་སྐབས་སུ་ལུས་དཀྱིལ་གྱི་ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུར་བརྒྱན་ཞེས་ཟེར་རོ། །དེ་ལ་སམྦུ་ཊིའི་ལུང་དེས་རྒྱས་འདེབས་བསྟན་པར་གང་ལས་