R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༥ན
[A:༥༥ན]རྟགས་ནི་ལྷ་ཐམས་ཅད་ལ་བླང་ན། གཙོ་བོ་ལྔ་ལ་སྐུ་རྡོ་རྗེ་རྣམ་སྣང་ལ་སོགས་པ་ལྔ། འཁོར་རྣམས་ལ་རང་གི་གཙོ་བོའམ། ཡང་ན་ཐམས་ཅད་ཀྱི་དབུ་ལ་གནས་ལྔར་རྡོ་རྗེ་རྩེ་ལྔ་པ་རེ་རེ་བསམ་མོ། །ཞེས་དང་། འཕགས་པ་རིན་པོ་ཆེས། གཙོ་བོ་ལྔ་ལ་རྡོ་རྗེ་སེམས་དཔའ། འཁོར་རྣམས་ལ་རང་གི་གཙོ་བོ། སྐྱེ་མཆེད་ཀྱི་ལྷ་རྣམས་ལ་རང་རང་གི་ཁ་དོག་དང་མཐུན་པའི་རིགས་བདག ཁྲོ་བོ་བཅུ་ལ་སྲུང་འཁོར་གྱི་སྐབས་འབྱུང་བ་བཞིན་རིགས་ཀྱི་བདག་པོས་དབུ་རྒྱན་པར་བསམ་མོ། །ཞེས་གསུངས་པ་ཡིན་ནོ། །འོ་ན་བཤད་པ་གཉིས་པོ་མ་མཐུན་པས་འཕགས་པས་གསུངས་པ་དེ་མི་འཐད་དོ་ཞེ་ན། མི་མཐུན་པར་སྣང་བ་འདི་བརྒྱུད་པའི་མན་ངག་མེད་པར་ཡི་གེ་ལ་ཐུག་འཕྲད་བྱས་པའི་སྨྲ་བ་སྟེ། འདིར་རྡོ་རྗེ་སེམས་དཔའ་ནི་རིགས་ལྔ་པོ་རང་རང་གི་རྒྱུ་རྡོ་རྗེ་འཛིན་པ་ཡིན་པས་རང་རང་གི་རིགས་ཀྱིས་རྒྱས་གདབ་པ་ཡང་ཡིན་ལ། རྡོ་རྗེ་སེམས་དཔས་རྒྱས་གདབ་པ་ཡང་ཡིན་པས་དོན་གཅིག་པ་ཡང་ཡིན་ནོ། །ལན་ལ་གཉིས་ཏེ། དངོས་བསྟན་རྩོད་ཕྲེང་སོ་སོའི་ལན་དང་། ཞེ་འདོད་ཀྱི་དངོས་ལན་མ་འཁྲུལ་བའོ། །དང་པོ་ལ་གསུམ་སྟེ། རྒོལ་བས་ཁ་སྦྱོར་གྱི་ལུང་དོན་ཕྱོགས་གཅིག་ཏུ་ཞེན་པས་བློ་གྲོས་ཆུང་བ། ཕྱག་རྒྱ་བཞི་པའི་གཞུང་མ་མཐོང་བས་འོལ་སྤྱོད་ཆེས་པ། འགལ་སྤོངས་མ་ཤེས་པས་ཕྱོགས་སྔའི་འདོད་པ་བསྒྲུབ་པའོ། །དང་པོ་ནི། ཁ་སྦྱོར་གྱི་གཞུང་དེ་རྒྱུད་འཆད་པའི་ཚེ་རྫོགས་རིམ་གྱི་ཡེ་ཤེས་སྟོན་བྱེད་དུ་བཤད་ཀྱང་། མན་ངག་གི་ཚེ་ལུས་དཀྱིལ་སྟོན་པ་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ཏེ། རྩ་རྒྱུད་ཀྱི། ཨེ་ཡི་རྣམ་པ་ལྷ་མོ་ཅན། ཞེས་