R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༥བ
[A:༥༥བ]སོགས་དང་། ཁ་སྦྱོར་གྱི། ཨ་ནི་ས་རུ་ཤེས་པ་བྱ། །ཞེས་སོགས་རྣམས་རྒྱུད་འཆད་པའི་ཚེ་རྫོགས་རིམ་དང་། མན་ངག་གི་ཚེ་ལུས་དཀྱིལ་གྱི་ཁུངས་སུ་རྩོད་མེད་དུ་གྲུབ་པ་དང་། རྒྱུད་ཀྱི་ཚིག་རེ་རེ་ལ་ཡང་སྤྱི་སྦས་མཐར་ཐུག་གི་བཤད་པ་དུ་མ་ཞིག་བྱར་ཡོད་ཅིང་། བྱ་དགོས་པ་ལ་དགོངས་ནས་དཔལ་བརྩེ་བ་ཆེན་པོས། ཐམས་ཅད་མཁྱེན་པའི་བཀའ་ནི་རྒྱ་མཚོ་བཞིན། །ཟབ་ཅིང་གཏིང་དཔག་དཀའ་ལ་ཐུག་པ་མེད། །རྡོ་རྗེ་ཐེག་པའང་དགོངས་པ་དུ་མ་ཡིས། །གསུངས་ཤིང་རྡོ་རྗེའི་ཚིག་གིས་རྒྱས་གདབ་པས། །ཞེས་སོགས་བཀའ་སྩལ་བ་ཡིན་ནོ། །ཊཱིཀ་ཆེན་གྱི་དངོས་བསྟན་ནི། རྒྱུད་འཆད་པའི་ཚེ་ལུས་དཀྱིལ་གྱི་ཁུངས་སུ་འཆད་པ་སྐབས་སུ་མ་བབས་པའི་ཕྱིར་མ་བཤད་པ་ཡིན་ཏེ། དོན་ལ་མ་འབྲེལ་བ་མ་ཡིན་གྱི། ལུས་ཀྱི་དཀྱིལ་འཁོར་འདི་དག་རྩ་ཐིག་རླུང་གསུམ་མཁའ་འགྲོས་བྱིན་གྱིས་རླབས་ནས་རྫོགས་རིམ་ཡེ་ཤེས་འདྲེན་པའི་ཐབས་སུ་གསུངས་པའི་ཕྱིར་དང་། དེར་རྫོགས་རིམ་གྱི་ཡེ་ཤེས་སྟོན་བྱེད་དུ་གསུངས་པའི་ཕྱིར་རོ། །དེ་ལྟར་ན་ལུང་དེའི་དོན་མན་སྙེ་ལས། འཁོར་ལོ་ལྔའི་དབུས་སུ་ལྷ་མོ་ལྔ་བསྐྱེད་པའི་ལུས་དཀྱིལ་དུ་དངོས་སུ་བཤད་ལ། དེའི་ཚེ་ཚིག་རྐང་པ་ཕྱི་མ་གཉིས་འཁོར་ལོ་དྲུག་པ་འདོད་པ་རྣམས་ཀྱི་དེའི་ཁུངས་དང་། ལྔ་པའི་ཚེ་རིགས་བདག་སྟོན་པར་ཕྱག་རྒྱ་བཞི་པའི་ལུང་གི་གྲུབ་བོ་ཞེས་པའི་དོན་ཡིན་པས། འདི་ཙམ་གྱི་ཟིན་པོ་གསལ་ཁ་ཅན་ཡོད་བཞིན་དུ་རང་བློས་སྦྱར་བའི་བཤད་པར་སེམས་པ་ནི་ཕྱོགས་འཛིན་གྱི་གདོན་གྱིས་ཧ་ཅང་བཏབ་ཆེས་པའོ། །གལ་ཏེ་ལུང་དེས་རྫོགས་རིམ་ཁོ་ན་ལས་ལུས་དཀྱིལ་ཡེ་མ་བསྟན་ན། དེ་མ་ཡིན་པའི་དངོས་བསྟན་འཁོར་ལོ་