R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥བ
[A:༥བ]ཅི་ཆ་ཡོད། །གང་ཞིག་འདི་ན་རི་དྭགས་ལྟེ་བ་ཡི། །དྲི་ཞིམ་དགྲ་བོར་འཛིན་པའི་མིག་གིས་ཐོས། །ཀུན་རྨོངས་དུག་གིས་ངེས་པར་མྱོས་པ་དག །ཞི་དུལ་དམ་པའི་སྤྱོད་པས་དགེ་གྱུར་ཅིག །ཅེས་ས་མོ་གླང་གི་ལོ་ཨེ་ཝྃ་གྱི་རི་ཁྲོད་ནས་དྲིས་ཤིང་བརྟགས་པའི་རབ་ཏུ་བྱེད་པ་འདིས་ཀྱང་གསུང་ངག་རིན་པོ་ཆེའི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག ཅེས་པ་དེ་རྣམས་ཀྱི་དྲི་བའི་གསུང་བཀོད་པ་བསྟན་ཟིན་ནས།། ༈ །།གཉིས་པ་དེའི་ལན་བཤད་པ་ནི། ས་སྐྱ་པའི་བསྟན་འཛིན་རྫོང་ལུགས་པ་ཀུན་གྱི་གཙུག་རྒྱན་དམ་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་གྱི་དངོས་སློབ་ཆོས་ཀྱི་རྗེ་བྱང་ཆུབ་དབང་རྒྱལ་གྱིས་གོང་གི་དྲི་བའི་ལན་འདེབས་མཛད་པ་ལས་འདི་ལྟར། ན་མཿསངྒུ་རུ་པཱ་ད་ཡ། གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །རྣམ་འཕྲུལ་ས་སྐྱའི་རྗེ་བཙུན་དང་། །དབྱེར་མེད་རྡོ་རྗེ་གདན་པ་ལ། །སྒོ་གསུམ་གུས་པས་ཕྱག་བགྱི་འོ། །སྙན་བརྒྱུད་ཟབ་མོ་ལྷ་ཡི་ལམ། །བློ་གྲོས་གཤོག་བྲལ་མ་བགྲོད་དེ། །ཐོས་ཆུང་བུང་བ་རང་གི་ཁྱིམ། །བུམ་ནང་ནམ་མཁར་ཆགས་པ་དག །རང་བློས་སྦྱར་བའི་དྲི་བའི་ཚིག །འབྲེལ་མེད་ཟར་ཟིར་འདི་སྐད་སྨྲ། །དེ་ལ་དྲི་ཚིག་དང་པོ་ནི། །སྣང་གསུམ་སྔོན་དུ་དབང་བསྐུར་བ། །ངེས་པར་དགོས་ཞེས་ཁས་ལེན་པའི། །ལམ་འབྲས་པ་ལ་འདི་སྐད་དྲི། །ལམ་དེའི་གོ་རིམ་རྒྱུད་གཞུང་ནས། །བཤད་པའི་སྐལ་དམན་རིམ་འཇུག་དང་། །སྐལ་བར་ལྡན་པ་གཅིག་ཅར་བའི། །ལམ་རིམ་གཉིས་པོ་གང་ཡིན་དྲི། །དང་པོ་ལྟར་ན་ཁྲིད་ཚུལ་དེ། །སྔོན་འགྲོ་འཁོར་བའི་ཉེས་དམིགས་དང་། །དལ་འབྱོར་རྙེད་དཀའ་བྱམས་