R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༦བ
[A:༥༦བ]སོགས་པ། །ཇི་སྐད་རྒྱུད་ལས་གསུངས་བཞིན་བསྒོམ། །བསམ་གཏན་མི་ནུས་རྣལ་འབྱོར་གང་། །རྒྱལ་ཆེན་འཁོར་ལོ་བསྒྱུར་བ་ལྔ། །བདེ་བ་དམ་པའི་ཡུལ་དང་བཅས། །གཡས་བརྐྱངས་པ་ཡི་རོ་ཡི་སྐུ། །འཁོར་ལོའི་མདོག་མཚུངས་ཞལ་གཅིག་པ། །འཁོར་ལོ་པདྨ་རྡོ་རྗེ་དང་། །རིན་ཆེན་རལ་གྲི་གཡས་ན་སྟེ། །གཡས་མིན་པར་ནི་དྲིལ་བུའོ། །ཀུན་གྱི་དབང་བསྐུར་གནས་སུ་ནི། །རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །ཤེས་རབ་མ་དང་མཉམ་སྦྱོར་བ། །རྡོ་རྗེ་དྲིལ་བུ་འཛིན་པ་བསྒོམ། །ཞེས་གསུངས་སོ། །ཀྱཻ་ཐོས་ཆུང་དག སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱི་གཞུང་གིས་ཕོ་བྲང་དྲུག་པ་བསྟན་པར་གཞུང་གི་སྐབས་ལ་དཔྱད་པས་ཤེས་སོ། །ཞེས་སྨྲས་ཟིན་ནས། རྣམ་དཔྱོད་ཀྱི་བློ་གྲོས་ཡོད་ན་ད་དཔྱོད་ཅིག་དང་། གཞུང་དེའི་དངོས་བསྟན་ཕོ་བྲང་དྲུག་པ་ཡིན་ན། ཕོ་བྲང་དང་པོ་ལྔ་ལ་རྩ་འདབ་ཀྱི་གྲངས་དང་། འཁོར་གྱི་ལྷ་མོ་དང་། ཕྱག་རྒྱ་བཞི་བསྡུ་ཚུལ་རྣམས་བཤད་ནས་འཁོར་ལོ་དྲུག་པ་ལ་དེ་ཐམས་ཅད་མི་འབྱུང་བ་དང་། འཁོར་ལོ་དྲུག་པོ་ཕྱོགས་གཅིག་ཏུ་བཤད་ནས། རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །འཁོར་ལོ་དབུས་སུ་རོལ་ཞིང་གནས། །ཞེས་སོགས་ཀྱི་སྤྱི་སྡོམ་ཕྱོགས་གཅིག་ཏུ་བྱས་ནས། །རྒྱལ་ཆེན་འཁོར་ལོ་བསྒྱུར་བ་དྲུག །ཅེས་བཤད་ཆོག་པ་ལས། དེ་བཞིན་མི་འབྱུང་བར་འཁོར་ལོ་བསྒྱུར་བ་ལྔ་ཕྱོགས་གཅིག་ཏུ་བཤད་ཟིན་ནས། ཀུན་གྱི་དབང་བསྐུར་གནས་སུ་ནི། །ཞེས་སོགས་འབྱུང་བའི་དོན་ཇི་ལྟར་ཡིན་པ་གཟུ་བོར་གནས་པའི་བློས་སྨྲོས་ཤིག་དང་། ཁྱེད་ཀྱི་བློ་གྲོས་ཀྱི་ཚང་དེ་ད་བཟོད་རྟོགས་པར་འགྱུར་རོ། །གསུམ་པ་ནི། ཁྱོད་ཀྱིས་ཁོ་བོ་ཅག་གི་འདོད་