R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༧ན
[A:༥༧ན]པ་ལེགས་པར་བསྒྲུབ་པ་ཡིན་ཏེ། འདི་ལྟར་ལུས་དཀྱིལ་གྱི་ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ་རྒྱས་བཏབ་དང་། རང་རང་རིགས་ཀྱི་གཙོ་བོ་རིགས་ལྔ་གང་རུང་གིས་རྒྱས་བཏབ་པ་གཉིས་མི་མཐུན་པར་སེམས་པ་ནི། བརྒྱུད་པའི་མན་ངག་མེད་པར་ཡི་གེ་ལ་ཐུག་ཕྲད་བྱས་པའི་སྨྲ་བ་སྟེ། འདིར་རྡོ་རྗེ་སེམས་དཔའ་ནི་རིགས་ལྔ་པོ་རང་རང་གི་རྒྱུ་རྡོ་རྗེ་འཛིན་པ་ཡིན་པས། རང་རང་རིགས་ཀྱིས་རྒྱས་བཏབ་པ་ཡང་ཡིན་ལ། རྡོ་རྗེ་སེམས་དཔས་རྒྱས་བཏབ་པ་ཡང་ཡིན་པས་དོན་གཅིག་པ་ཡིན་ནོ་ཞེས་བྱ་བ་འདི་ལེགས་པར་གྲུབ་པས་རྩོད་པའི་གཞི་ལྷའི་ལམ་ལ་དབང་པོའི་གཞུ་བཞིན་དེངས་པར་གྱུར་ཏོ། །གཉིས་པ་ནི། སྲས་དོན་མའི་ལུང་དང་པོ་དང་། འཕགས་པའི་དགོངས་པ་གཉིས་དོན་ལ་མི་འགལ་བར་ཕྱོགས་སྔ་ཕྱི་གཉིས་ཀ་མཐུན་ལ། སྲས་དོན་མའི་ཕྱོགས་ཕྱི་མ་ནི་དབུ་རྒྱན་རང་ཆས་ཅན་དུ་བསྒོམ་པའི་དོན་ཡིན་ཞེས་འགའ་ཞིག་སྨྲ་ཡང་། དེའི་དོན་དམིགས་པ་བསྒོམ་སླ་བའི་ཕྱིར་ཡིན་ཞིང་། གཞན་ལྷ་ཐམས་ཅད་ལ་རང་རིགས་ཀྱི་རིགས་ལྔའམ། དེའི་རྒྱུ་རྡོ་རྗེ་འཛིན་པ་གང་ཡང་རུང་བས་རྒྱས་འདེབས་སུ་རུང་བས་ཕྱག་རྒྱ་བཞི་པ་ནས་འབྱུང་བ་དང་། རྗེ་བཙུན་གོང་མས་བཤད་པ་དང་། ཁོ་བོ་ཅག་གི་ངག་འདོན་རྣམས་གནད་གཅིག་པ་ཡིན་པའི་རྒྱུ་མཚན་གྱིས་ཉམས་ལེན་ནི་སྤྲོས་པའི་བྱེ་བྲག་གི་ཅི་རིགས་པར་ཉམས་སུ་བླང་དུ་རུང་བ་ཡིན་ནོ། །དེས་ན་རྡོར་སེམས་རིགས་ཐམས་ཅད་ཀྱི་བདག་པོ་ཡིན་པ་དང་། རིགས་ལྔ་ཆར་གྱི་རྒྱུ་རྡོ་རྗེ་འཛིན་པ་ཡིན་པས་གང་དུ་རིགས་བདག་ངེས་གསལ་མེད་པའི་ལྷ་ཐམས་ཅད་ལ་དེས་རྒྱས་འདེབས་སུ་རུང་བ་ཡིན་ནོ། །འོན་