R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༧བ
[A:༥༧བ]ཀྱང་རྒྱུ་རྡོ་རྗེ་འཛིན་པ་ཡིན་ན་རིགས་ལྔ་པོ་གང་རུང་ཡིན་མི་དགོས་པས་རང་རིགས་ཀྱིས་རྒྱས་འདེབས་པ་ཡིན་ཞེས་པ་དེ་ཁོ་བོ་ཅག་གིས་སྨྲ་སྟེ། རྒྱུ་རྡོ་རྗེ་འཛིན་པ་རིགས་དྲུག་པ་རྡོ་རྗེ་འཆང་དུ་རྒྱུད་གསུམ་དགོངས་འགྲེལ་དང་བཅས་པ་ལས་གསལ་བར་གསུངས་པའི་ཕྱིར་རོ། །ཀྱེ་དབང་བརྟུལ་དག ས་སྐྱ་པའི་ལུས་དཀྱིལ་ལ་རྒྱུད་གཞུང་གི་ཁུངས་མེད་པ་དང་། ཕྱི་ནང་ཐུན་མོང་གི་ལྷ་མེད་པ་དང་། ཕྱི་དཀྱིལ་དང་ལུས་དཀྱིལ་ལྷ་གྲངས་མ་མཉམ་པ་དང་། ལུས་ལ་ལྷ་བསྐྱེད་པ་དང་། ལུས་དཀྱིལ་གྱི་ཁྱད་པར་མ་ཕྱེད་པ་སྟེ། དོགས་གནས་ཀྱི་གཙོ་བོ་ལྔའི་སྒོ་ནས་རྟོགས་རྟགས་དང་། མུན་སྤྲུལ་འབའ་ཞིག་ཡིན་གྱི། ཆོས་རྣམ་དག་མ་ཡིན་ནོ་ཞེས་པའི་ཐན་སྐད་ཀྱི་ང་རོ་ཆེན་པོས་མི་ཟད་པའི་སྤྲིང་། ཡིག་ཕྱོགས་ཐམས་ཅད་དུ་བསྒྲགས་ཏེ། ལམ་འདི་རྩ་བ་ནས་འཇིག་པར་རྩོམ་པའི་རྒོལ་བ་དག་བྱུང་བའི་ཚེ་ཁོ་བོ་ཅག་གི་རྗེ་ཐམས་ཅད་མཁྱེན་པ་འདིས་ཡང་དག་པའི་ལུང་དང་རིགས་པའི་རྡོ་རྗེས་ཕྱིར་རྒོལ་བའི་ལོག་རྟོག་གི་བྲག་རི་ཕྱེ་མར་བྱས་ཏེ་ལུགས་འདི་རྩོད་མེད་དུ་བསྒྲུབ་པ་ཡིན་གྱི། དེ་ལས་གཞན་དུས་མཚུངས་པའི་ཆོས་ལུགས་འདིས་ཞལ་འཛིན་པར་ཁས་འཆེ་བ་ཁ་ཅིག་ནི་ཐེ་ཚོམ་གྱི་འཁྱོགས་ལ་འཕྱང་མོ་ཡུག་ཏུ་བྱེད་པ་དང་། ཕལ་ཆེར་ནི་དྲང་སྲོང་ངན་པའི་རྣམ་ཐར་བཞིན་སྨྲ་བཅད་ཀྱི་བརྟུལ་ཞུགས་བཟུང་སྟེ་གནས་པ་ལས་ཆོས་དང་མཐུན་པའི་ལན་འདེབས་པར་སྤོབས་པ་སུ་ཡང་ཡོད་པ་མ་ཡིན་ན། དིང་སང་མཚན་མ་ངན་པའི་ཚིག་བདེན་མེད་དུ་མ་ཞིག་ཕྲེང་དུ་བསྒྲིགས་ཏེ་སྨྲ་བ་ནི། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི །ཆོས་མ་ཡིན་